
2026ལོའི་རྒྱལ་ཡོངས་གཅིག་གྱུར་མཐོ་རྒྱུགས་ཚེས7ཉིན་ལེན་འགོ་བརྩམས། ད་ལོའི་མཐོ་རྒྱུགས་ཁྲོད་མིང་ཐོ་འགོད་མཁན་མི་གྲངས་བྱེ་བ་གཅིག་ས་ཡ་གཉིས་འབུམ་དགུ་ཡོད་པ་དང་། རྒྱལ་ཡོངས་སུ་རྒྱུགས་ལེན་ས་ཚིགས་བདུན་སྟོང་དགུ་བརྒྱ་གྱ་གཅིག་དང་། རྒྱུགས་ར་འབུམ་གསུམ་དང་ཁྲི་བཞི་སྟོང་བརྒྱད་བཀོད་སྒྲིག་བྱས་ཡོད།
བཀོད་སྒྲིག་གཞིར་བཟུང་སྟེ། 2026ལོའི་རྒྱལ་ཡོངས་གཅིག་གྱུར་མཐོ་རྒྱུགས་ཀྱི་བསླབ་ཚན་ནི་སྐད་ཡིག་དང་གྲངས་རིག དབྱིན་ཡིག་བཅས་གསུམ་ཡིན་པ་དང་། ཡིག་རྒྱུགས་ཀྱི་དུས་ཚོད་ནི་ཟླ6པའི་ཚེས7ནས8བར་རེད། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་ཅིག་གི་ཡིག་རྒྱུགས་བསླབ་ཚན་བཀོད་སྒྲིག་མི་འདྲ་བས། ཚེས9དང10ཉིན་ཡིག་རྒྱུགས་བསླབ་ཚན་ཁག་ཅིག་བཀོད་སྒྲིག་བྱས་ཡོད།
ད་ལོའི་མཐོ་རྒྱུགས་སྐབས་སུ། ས་གནས་ཁག་གིས་རྒྱུགས་རའི་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། རིག་ནུས་མིག་ཤེལ་སོགས་སྒྲིག་འགལ་དངོས་རྫས་ལ་དམིགས་ཏེ། ས་ཆ་མང་པོར་ཆེད་དོན་བཀོད་སྒྲིག་དང་། ཆ་འགྲིག་སྔོན་འགོག་ཕྱོགས་སྟོན་སྤེལ་བ་དང་། ཚན་རྩལ་མཐོ་བའི་གཡོ་ལས་ལ་གཙོ་གནད་ཐོག་དོགས་ཟོན་དང་རྡུང་རྡེག་བཏང་ནས། ཡིག་རྒྱུགས་འདྲ་མཉམ་དྲང་བཞག་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས།
མཐོ་རྒྱུགས་ཀྱི་སྐབས་སུ། ས་གནས་ཁག་གིས་དབང་པོ་སྐྱོན་ཅན་གྱི་རྒྱུགས་སྤྲོད་སློབ་མ་ཁྲི་གཅིག་དང་སྟོང་བཞི་ལྷག་མཐོ་རྒྱུགས་ལ་ཞུགས་རྒྱུར་ལུགས་མཐུན་གྱི་སྟབས་བདེ་བསྐྲུན་པ་དང་། སློབ་གསོ་སྡེ་ཁག་གིས་ཞིང་ཆེན5ཡི་ལོང་ཡིག་རྒྱུགས་སྤྲོད་སློབ་མ7ལ་ལོང་ཡིག་རྒྱུགས་ཤོག་བཟོས། གཞན་ཡང་ས་གནས་ཁག་གིས་ད་དུང་སྡེ་ཁག་མང་པོ་མཉམ་འགུལ་བྱས་ཏེ། ཕྱིར་སྐྱོད་དང་། བཟའ་བཏུང་། སྨན་བཅོས་འཕྲོད་བསྟེན། འཛེར་སྒྲ་བཅོས་སྒྲིག་སོགས་ཕྱོགས་མང་པོའི་ཐད་ཀྱི་ཞབས་ཞུའི་འགན་ལེན་ལ་ཤུགས་བསྣན་ནས། རྒྱུགས་སྤྲོད་སློབ་མར་བདེ་འཇགས་དང་བག་ཕེབས་ཀྱི་ཡིག་རྒྱུགས་ཁོར་ཡུག་ཅིག་བསྐྲུན།
མཐོ་རྒྱུགས་ཀྱི་ཉིན་དང་པོར། ཁྲུང་ཆིང་ཧོ་ཁྲོན་ཆུས་དང་ཀུའེ་ཀྲོའུ་ཆན་ནན་ཁུལ་སན་ཏུའུ་རྫོང་སོགས་ས་ཆ་མང་པོར་དྲག་ཆར་བབས་པས། ས་གནས་ཀྱིས་གང་མྱུར་སྒོས་འགུལ་སྤྱོད་སྤེལ་ཏེ། འགྲིམ་འགྲུལ་ཁྲིད་སྟོན་དང་གྲོང་ཁྱེར་གྱི་འཁྱིལ་ཆུ་ཕྱིར་འབུད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་མ་ཟད། འཕྲལ་སྡོམ་གློག་ཁུངས་དང་ཆར་འགོག་དངོས་རྫས་སོགས་གྲ་སྒྲིག་འདང་ངེས་བྱས། རྒྱུགས་སྤྲོད་སློབ་མར་སྟབས་བདེ་བསྐྲུན་ཆེད་རྒྱུགས་སྤྲོད་ས་ཚིགས་མི་ཉུང་བ་ཞིག་གིས་སེམས་ནུས་ཡོད་རྒུས་ཆར་སྤྱིལ་བསྐྲུན་པ་དང་ཞིབ་ཕྲའི་བྱེད་ཐབས་སྤྱད་དེ་རྒྱུགས་སྤྲོད་སློབ་མ་ཚོས་རྒྱུགས་སྤྲོད་པར་རོགས་འདེགས་བྱས། ས་གནས་ཁག་གིས་ད་དུང་གྲ་སྒྲིག་རྒྱུགས་ར་ཁྲི་གཉིས་དང་སྟོང་གཅིག་བཙུགས་ནས། ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་ནུས་ལྡན་བྱས།