
ཟླ6པའི་ཚེས7ཉིན་ཏེ་མཐོ་རྒྱུགས་ཀྱི་ཉིན་དང་པོར་ཞིང་ཆེན་ཡོངས་ཀྱི་རྒྱུགས་ཁུལ་དང་རྒྱུགས་ཚུགས་སོ་སོས་མཐོ་རྒྱུགས་ཀྱི་གོ་རིམ་ཧྲིལ་བོའི་བྱ་བ་སྣ་ཚོགས་དོན་འཁྱོལ་ནན་མོ་བྱས་ཏེ་རྒྱུགས་ལེན་རྩ་འཛུགས་བྱེད་པའི་ཐད་གཏན་འཇགས་གོ་རིམ་ལྡན་པ་དང་། རྒྱུགས་སྲོལ་དང་སྒྲིག་ལམ་བཟང་བོ་ཡོང་བར་བྱས་ནས་འཕྲལ་བསྟུན་ཐག་གཅོད་དང་ཞབས་ཞུ་འགན་སྲུང་སོགས་བྱ་བ་སྣ་ཚོགས་རྒྱུན་ལྡན་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱས། ཞིང་ཆེན་ཡོངས་སུ་བསྡོམས་པས་རྒྱུགས་ཁུལ་སོ་བཞི་དང་རྒྱུགས་ཚུགས་ང་གཅིག རྒྱུན་ལྡན་གྱི་རྒྱུགས་ར་སྟོང་གཅིག་དང་བརྒྱད་བརྒྱ་སོ་གཉིས་བཀོད་སྒྲིག་བྱས་ཡོད་ལ། བསྡོམས་པས་རྒྱུགས་སྤྲོད་སློབ་མ་ཁྲི་བཞི་དང་སྟོང་བདུན་སུམ་བརྒྱ་ཡིག་རྒྱུགས་ནང་ཞུགས་ཡོད།
བསླབ་ཚན་སོ་སོའི་རྒྱུགས་ལེན་བྱ་བ་གཏན་འཁེལ་གྱི་དུས་ཚོད་ལྟར་དུས་ཐོག་ཏུ་འགོ་བརྩམས་པ་དང་དུས་ཐོག་ཏུ་མཇུག་སྒྲིལ་བར་བྱས། རྒྱུགས་ཚུགས་སོ་སོས་རྒྱུགས་རའི་སྒྲིག་སྲོལ་དང་རྒྱུགས་ལེན་ལྟ་ཞིབ་ཀྱི་བརྒྱུད་རིམ། བརྙན་ལམ་ནས་རྒྱུགས་རར་སྐོར་ཞིབ་བྱེད་པའི་ལམ་ལུགས་བཅས་ལག་བསྟར་ནན་མོ་བྱས་ཏེ། རྒྱུགས་ལེན་ལས་སྒྲུབ་མི་སྣ་ཚང་མ་ལས་གནས་སུ་འབྱོར་བར་བྱས་པ་དང་འགན་འཁྲི་ལག་བསྟར་ནན་མོ་བྱས། ཞིང་ཆེན་རིམ་པ་དང་གྲོང་ཁྱེར་རིམ་པ། རྫོང་དང་ཆུས་བཅས་ཀྱི་རིམ་པ་གསུམ་གྱི་སྐོར་ཞིབ་དང་ལྟ་སྐུལ་མི་སྣ་ཚན་ཆུང་བགར་ཏེ་རྒྱུགས་ཚུགས་སོ་སོར་སོང་ནས་ཕྱོགས་ཡོངས་ལ་ཁེབས་པའི་སྐོར་ཞིབ་བྱ་བ་སྤེལ་བ་དང་། གོ་རིམ་ཧྲིལ་བོའི་ཡིག་རྒྱུགས་ལྟ་སྐུལ་ལས་དོན་ལག་བསྟར་བྱས། རྒྱུགས་ལེན་པའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་སྡེ་ཁག་གིས་ཉེན་རྟོག་པ་སྟོང་ལྔ་དང་ཉིས་བརྒྱ་བཀོད་སྒྲིག་བྱས་པ་དང་། གློག་ཤུགས་སྡེ་ཁག་གིས་གློག་ཤུགས་འགན་སྲུང་མི་སྣ་བརྒྱད་བརྒྱ་དྲུག་ཅུ་མངགས་གཏོང་བྱས་ཤིང་། གློག་ཤུགས་འགན་སྲུང་རླངས་འཁོར་ཉིས་བརྒྱ་དང་བཅུ་བཀོལ་སྤྱོད་བྱས། སྐུད་མེད་གློག་དོ་དམ་སྡེ་ཁག་གིས་འགན་སྲུང་མི་སྣ་བརྒྱ་དང་བཅུ་གཅིག་དང་། རླངས་འཁོར་ང་གཉིས་མངགས་གཏོང་བྱས་ཤིང་། སྒྲིག་ཆས་ང་གཉིས་བེད་སྤྱོད་བྱས། འཕྲོད་བསྟེན་སྡེ་ཁག་གིས་སྨན་བཅོས་མི་སྣ་གཉིས་བརྒྱ་བཅུ་དང་མྱུར་སྐྱོབ་རླངས་འཁོར་ང་གཅིག་མངགས་གཏོང་བྱས། དྲ་འཕྲིན་གཞུང་སྒྲུབ་ཁང་གིས་འགན་སྲུང་མི་སྣ་བཅུ་གཉིས་བཀོད་སྒྲིག་བྱས་ཏེ་ལས་རེས་ལྟ་སྐུལ་ཚོད་འཛིན་བྱ་བ་ལག་བསྟར་ནན་མོ་བྱས་ནས་སྟོབས་ཤུགས་ཡོད་རྒུས་མཐོ་རྒྱུགས་ཀྱི་བདེ་འཇགས་བྱ་བར་འགན་སྲུང་བྱས།
ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་རྒྱུགས་ཚུགས་སོ་སོའི་མཐའ་འཁོར་དུ་གནས་སྐབས་ཀྱི་འགྲིམ་འགྲུལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པར་མ་ཟད། འཕྲལ་བསྟུན་ཤར་གཏོང་བགྲོད་ལམ་བཏོད་ཡོད་པ་དང་། དུས་མཚུངས་སུ་ཕྱིར་སྐྱོད་དྲན་སྐུལ་ཁྱབ་བསྒྲགས་བྱས་ཡོད། ཟི་ལིང་གྲོང་ཁྱེར་གྱིས་རྒྱུགས་ཞུགས་སློབ་མ་སྐྱེལ་བའི་ཞབས་ཞུ་ཕྱོགས་ཡོངས་ནས་འགོ་བརྩམས་པ་དང་། རླངས་འཁོར་དྲུག་བརྒྱ་རྒྱུགས་ཞུགས་སློབ་མ་སྲུང་སྐྱེལ་ལས་དོན་ཁྲོད་ཞུགས་ཡོད། གནམ་གཤིས་འགྱུར་ལྡོག་ལ་གཞིགས་ནས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་འབྲེལ་ཡོད་རྒྱུགས་ཚུགས་སུ་ཆར་གཡོལ་ཁང་སོགས་འཕྲལ་བསྟུན་བྱེད་ཐབས་ཆེད་དུ་བཀོད་སྒྲིག་བྱས་ཡོད། མཚོ་ཤར་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སོགས་རྒྱུགས་ཚུགས་མང་པོར་ཞབས་ཞུའི་ས་ཚིགས་བཙུགས་ནས་རྒྱུགས་ལེན་དཔང་ཡིག་བརྗེད་པ་དང་ལུས་པོ་མི་བདེ་བའི་རྒྱུགས་ཞུགས་སློབ་མར་འཕྲལ་བསྟུན་རོགས་སྐྱོར་འདོན་སྤྲོད་བྱས། མཚོ་ལྷོ་བོད་རིགས་སྐྱོང་ཁུལ་ཞིན་ཧེ་རྫོང་དང་མཚོ་ནུབ་ཁུལ་ཚྭ་འདམ་ཆེ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གིས་རྒྱུགས་ཞུགས་སློབ་མ་རྣམས་ལ་རིན་མེད་ཞག་སྡོད་ཞབས་ཞུ་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་སུ་བསྡོམས་པས་དབང་བོ་སྐྱོན་ཅན་གྱི་སློབ་མ་ཉེར་གསུམ་ལ་སྟབས་བདེའི་བདེ་འཇགས་ཞིབ་བཤེར་བགྲོད་ལམ་བཏོད་པ་དང་། མིག་ཤེད་ཉམས་པའི་རྒྱུགས་སྤྲོད་སློབ་མ་གཉིས་ལ་ཡིག་གཟུགས་ཆེ་བའི་རྒྱུགས་ཤོག་མཁོ་འདོན་བྱས་ཏེ་བརྩེ་སེམས་ཡོད་པའི་སྒོ་ནས་རྒྱུགས་སྤྲོད་སློབ་མར་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབས།
ལྷ་མོ་ཚེ་རིང་གིས་བསྒྱུར།