
ཟླ6པའི་ཚེས10ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་སྒྲུབ་པའི་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི་སྒྲོག་བཤད་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་བསྡུས། མཚོ་བོད་ལྕགས་ལམ་གྱི་ལས་བཟོ་བ30ལྷག་གིས་གྲུབ་པའི་སྒྲོག་བཤད་ཚོགས་པས། གངས་ལྗོངས་མཁའ་ལམ་སྟེང་བྱས་རྗེས་འཇོག་པ་དང་མཁྲེགས་གཏོར་དཀའ་སེལ། རྨད་བྱུང་འཚོལ་སྙེག་བཅས་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ལྷུག་པོར་བརྗོད་དེ། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ལས་འཁྲུངས་བའི་ཕུན་སུམ་ཚོགས་པའི་ནང་དོན་གསལ་འགྲེལ་བྱས་ནས། དུས་རབས་གསར་པའི་ལྕགས་ལམ་པའི་འགན་འཁྲིའི་ཁག་ཁུར་དང་བསམ་པའི་ཉམས་འགྱུར་མངོན་པར་བྱས།
2026ལོ་ནི་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་བོ་ཤར་གཏོང་བྱས་ནས་ལོ་ངོ20འགོར་བའི་ལོ་རེད། ཐེངས་འདིའི་སྒྲོག་བཤད་ཀྱི་ནང་དོན་གཙོ་བོ་ནི་སྤྱི་ཚོགས་ཡོངས་ཀྱིས་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་གསར་བརྗེ་རིག་གནས་གསོ་སྐྱོང་དང་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱ་རྒྱུ་དེ་རེད། ཐེངས་འདིའི་མུ་འབྲེལ་སྒྲོག་བཤད་བྱེད་སྒོ་ཟླ6པའི་ཟླ་དཀྱིལ་བར་རྒྱུན་བསྲིང་རྒྱུ་ཡིན་ལ། སྒྲོག་བཤད་ཀྱི་ཁྱབ་ཁོངས་ལ་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་། གཞི་རིམ་མང་ཚོགས། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ། བཅའ་སྡོད་དམག་དཔུང་སོགས་ཡོད།
སྒྲོག་བཤད་ལས“མཐར་སོན་འགྲན་སློང་། རྩེ་གྲ་སྔོན་བརྩོན”གྱི་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་གཙོ་ཐིག་ཏུ་བཟུང་སྟེ། ལྕགས་ལམ་མི་རབས་གསུམ་གྱི་བློས་གཏོང་དང་བརྟན་སྲུང་མུ་རྒྱུན་གཅིག་ཏུ་སྦྲེལ། སྒྲོག་བཤད་སྙན་ཞུ་ལས་མཚོ་བོད་ལྕགས་ལམ་གྱི་ལོ་ངོ་བརྒྱ་ཙམ་གྱི་འཛུགས་སྐྲུན་འཁོར་སྐྱོད་ཀྱི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ཤིང་། བཀའ་འགྱུར་ཕུག་ལམ་འཛུགས་སྐྲུན་པའི་ཚེ་སྲོག་བློས་གཏོང་གི་དཔའ་བོའི་མཛད་རྗེས་དྲན་གསོ་བྱས། ཧི་ཀྲིན་ཅོན་དང་། ལི་པུའོ་ལིན། “མཁའ་ལམ་སྟེང་གི་དབྱང་དབུགས་སྐྱེལ་མཁན”སོགས་ལས་ཡུལ་དང་པོའི་ལས་བཟོ་བས་མཐོ་སྒང་དུ་གཞི་ཚུགས་པ་དང་། ལས་གནས་བརྟན་སྲུང་བྱས་པའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་མཉམ་སྤྱོད་བྱས་ལ། དུས་མཉམ་དུ“ཡིད་འོང་གི་ལྕགས་ལམ་པ”བསོད་ནམས་དབང་གྲགས་སོགས་ན་གཞོན་གྱིས་ཕུགས་བསམ་འཚོལ་སྙེག་གི་འཚར་ལོངས་བརྒྱུད་རིམ་སོགས་ཀྱི་གཏམ་རྒྱུད་བཤད་དེ། མཐོ་སྒང་གི་ལྕགས་ལམ་པས་ཉེན་ཁར་མི་འཛེམ་པ་དང་། དངོས་སྒྲུབ་ཁག་ཁུར་གྱི་བསམ་པའི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པར་བྱས།
བྱེད་སྒོ་ལས་ཡུལ་སྣང་ཟློས་གར་དང་བརྙན་ཐུང་། གླུ་གཞས་འཁྲབ་སྟོན། སྙན་ངག་གྱེར་འདོན་སོགས་བྱེད་ཐབས་སྣ་མང་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་བྱས་ཏེ། ཡུལ་དངོས་ཀྱི་ལྟད་མོ་བར་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ལས་བྱུང་བའི་ཕུན་སུམ་ཚོགས་པའི་ནང་དོན་མངོན་སུམ་དུ་རྟོགས་པ་ལྟ་བུའི་ཚོར་སྣང་བྱིན། ཚང་མས་གཅིག་གྱུར་གྱིས་བསྟན་དོན། ཐེངས་འདིའི་སྒྲོག་བཤད་ཀྱི་ནང་དོན་སེམས་གཏིང་དུ་སིམ་པར་བྱེད་ཅིང་། ཡར་བསྐྱེད་ཀྱི་བརྩོན་སེམས་རྒྱས་པར་བྱས། རྗེས་ཕྱོགས་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་སེམས་སུ་དམ་པོར་འཛིན་པ་དང་། ཕྱིའི་འགུལ་སྐྱོད་ལ་བསྒྱུར་ཏེ། ལས་གནས་བརྟན་སྲུང་དང་། ལས་སྒྲུབ་མཐའ་འཁྱོལ་བྱེད་པ། ལས་འགན་ཁུར་ལེན་དང་སྔོན་བརྩོན་ཡར་བསྐྱེད་བྱས་ནས། འགུལ་སྐྱོད་དངོས་ལས་མཐོ་སྒང་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རོགས་ཤུགས་འདོན་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།