རབ་མཛེས་མཚོ་སྔོན་ཧན་གོའི་ཧྲིག་ཨར་དུ་མངོན།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ6པའི་ཚེས4ཉིན་ནས་ཚེས7ཉིན་བར། ཧྲིག་ཨར་རྒྱལ་སྤྱིའི་ཡུལ་སྐོར་འགྲེམ་ཚོགས་སྐབས་ཞེ་གཅིག་པ་བསྡུས། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ནང་ཁུལ་གྱི་རིག་གནས་ཡུལ་སྐོར་ཁེ་ལས་གཙོ་བོ་གཉིས་རྩ་འཛུགས་བྱས་ཏེ་ཚན་སྒྲིག་བྱས་ཏེ་འགྲེམ་ཚོགས་ལ་ཞུགས། རྒྱལ་སྤྱིའི་ཆེད་ལས་འགྲེམ་ཚོགས་ཀྱི་སྟེགས་བུ་བརྒྱུད་ནས། ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱས་ཏེ། ཧན་གོ་ཀྲུང་གོར་ཡོང་ནས་ཡུལ་སྐོར་བྱེད་པའི་ཁྲོམ་ར་རྒྱ་བསྐྱེད།

འགྲེམ་ཚོགས་སྐབས་སུ། མཚོ་སྔོན་འཐུས་ཚབ་ཚོགས་པ“ཁམས་བཟང་། ཀྲུང་གོ”ཡི་རྒྱལ་ཁབ་འགྲེམ་ཁུལ་དུ་ཞུགས་ཤིང་། རིག་གནས་ཡུལ་སྐོར་ཆེད་དོན་འོས་སྦྱོར་བྱེད་སྒོ་སྤེལ། འོས་སྦྱོར་ཡུལ་དངོས་ལས་ཆེད་དོན་སྒྲོག་བཤད་བརྙན་ཐུང་དང་། པར་རིས་པར་དེབ་སོགས་ཀྱི་རྣམ་པ་བརྒྱུད་ནས། གཅིག་བསྡུས་སྒོས་མཚོ་སྔོན་པོ་དང་། ཚྭ་ཁ་ཚྭ་མཚོ་སོགས་མཚོན་རྟགས་རང་བཞིན་གྱི་རང་བྱུང་མི་ཚུལ་ཐོན་ཁུངས་བསྟན་ཏེ། མཐོ་སྒང་སྐྱེ་ཁམས་ལྟ་སྐོར་དང་། དར་གོས་ཚོང་ལམ་མི་ཚུལ་བཅར་འདྲི། དམངས་སྲོལ་སྤྲོ་གསེང་སོགས་ཧན་གོའི་འགྲུལ་བའི་དགའ་ཕྱོགས་དང་འཚམ་པའི་ཡུལ་སྐོར་ལམ་ཐིག་བཟང་པོ་དག་གཙོ་བོར་བཏོན།

ཧན་གོ་མི་དམངས་དང་འབྲེལ་འདྲིས་མཉམ་འགུལ་ཇེ་ལེགས་སུ་གཏོང་ཆེད། འགྲེམ་ཁུལ་ལས་ཡིག་གཟུགས་ཀྱིས་རྟེན་འབྲེལ་སྨོན་ལམ་ཞུ་བའི་ཚན་པ་གསར་སྣོན་བྱས། ལས་སྒྲུབ་མི་སྣས་ཡུལ་དངོས་ནས“བསོད་ནམས”ཀྱི་ཡི་གེ་བྲིས་ཏེ་འགྲེམ་སྟོན་ལ་ལྟ་བའི་ཚོང་འགྲུལ་དང་གྲོང་མིར་གནང་ཞིང་། ཧན་གོ་མང་ཚོགས་མང་པོ་གྲལ་སྒྲིག་ནས་ལེན་པར་སྒུག་ཅིང་། ཀྲུང་ཧྭའི་སྲོལ་རྒྱུན་དམངས་སྲོལ་རིག་གནས་དང་མཚོ་སྔོན་རིག་གནས་ཡུལ་སྐོར་གྱི་མཚར་ཉམས་ལ་སྣང་བ་ཟབ་མོས་ཉམས་ལེན་བྱས།

འཐུས་ཚབ་ཚོགས་པ་དང་མཉམ་དུ་བསྐྱོད་པའི་ཁེ་ལས་ཀྱི་འཐུས་མིས་རང་འགུལ་སྒོས། ཧན་གོ་ཡུལ་སྐོར་ལས་རིགས་མཐུན་ཚོགས་དང་གཙོ་གནད་ཡུལ་སྐོར་ཚོང་བར་འབྲེལ་མཐུད་བྱས་ནས། ཧྲིག་ཨར་ས་གནས་ཡུལ་སྐོར་ཁང་དང་། རིག་གནས་ཡུལ་སྐོར་ལས་ཁུངས་ལ་ཚོང་གཏམ་དང་འགྲུལ་ཁུངས་སྐྱེལ་འདྲེན། ལམ་ཐིག་ངེས་གཏན་སོགས་མཉམ་ལས་བྱ་བ་གཏིང་ཟབ་སྤེལ་ཞིང་། ཡུལ་དངོས་སུ་ཐོག་མའི་མཉམ་ལས་འདུན་པ་མང་པོ་གཅིག་མཐུན་བྱུང་ལ། ནུས་ལྡན་སྒོས་མཚོ་སྔོན་དུ་ཡོང་བའི་ཕྱི་རྒྱལ་འགྲུལ་བའི་བགྲོད་ལམ་ཡངས་པོར་ཕྱེས། མཚོ་སྔོན་འགྲེམ་ཁུལ་གྱིས་ཧན་གོའི་ཡི་གེ་པར་མའི་ཡུལ་སྐོར་ཁྱབ་སྒྲོག་ལྟེབ་མ་ཅན་དང་། ཁྱད་ལྡན་ཤུལ་བཞག་ལེགས་སྐྱེས། རིག་གནས་ཡུལ་སྐོར་རིག་གནས་གསར་གཏོད་ཐོན་རྫས་གསར་བ་ལ་རྒྱ་ཆེན་པོས་དོ་སྣང་དང་དཔྱད་འཇོག་ལེགས་པོ་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཐེངས་འདིའི་འགྲན་ཞུགས་གྲུབ་འབྲས་ལ་རྐང་བཙུགས་ནས། མུ་མཐུད་དུ་ཧན་གོར་ཁ་གཏད་པའི་ཆེད་གཏོགས་ཡུལ་སྐོར་ཐོན་རྫས་ལེགས་སྒྱུར་བྱས་ཤིང་། ཀྲུང་གོར་ཡོང་བའི་ཆ་འགྲིག་ཞབས་ཞུ་འཐུས་ཚང་དུ་བཏང་ནས། ཡུལ་དངོས་ཀྱི་འགྲེམ་ཚོགས་དང་རྒྱལ་ཁོངས་བརྒལ་བའི་སྨྱན་སྦྱོར་གསར་བས་གནད་འཁེལ་ཁྱབ་སྤེལ་བྱེད་པར་བརྟེན་ནས། རྒྱུན་ཆད་མེད་པར་ཡ་གླིང་བྱང་ཤར་རྒྱུད་ཀྱི་རྒྱལ་ཁོངས་བརྒལ་བའི་ཡུལ་སྐོར་ཁྲོམ་ར་ཟབ་སྤེལ་བྱས་ཏེ། མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱ་རྒྱུ་རེད།