མཚོ་སྔོན་གྱིས《བྱེད་ཐབས་བཅུ》བཏོན་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཐད་གཏོགས་སྲིད་ཁྲིམས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་བཅུ》པར་འགྲེམས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས།

བྱེད་ཐབས་བཅུཡིས་ཚོང་གཉེར་ཁོར་ཡུག་གི་ཁྲིམས་འཛུགས་འགན་སྲུང་ལ་ཤུགས་སྣོན་པ་དང་། ཁེ་ལས་དང་འབྲེལ་བའི་ཁྲིམས་ལུགས་སློབ་པ་དང་ཁྱབ་གདལ་གཏོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ། འདྲ་མཉམ་རིམ་ལྡན་གྱི་ཁྲིམས་བསྟར་ཚད་ལྡན་དུ་གཏོང་བ། ཁེ་ལས་དང་འབྲེལ་བའི་ཁྲིམས་འཛིན་སྤུས་ནུས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ།    མ་རྩ་རྡིབ་པའི་འདྲི་གཅོད་རོགས་སྐྱོབ་དང་བསྐྱར་སྒྲིག་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པ། ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་ཁྲིམས་འཛིན་ལྟ་སྐུལ་ཤུགས་སྣོན་པ། རྩ་འཛུགས་ཀྱི་དཔྱད་འཇོག་འདྲི་རྩད་ནན་མོ་བྱེད་པ། འགན་འཁྲི་བདའ་འདེད་བྱེད་ནུས་ཆེ་རུ་གཏོང་བ། རྩ་འཛུགས་ཀྱིས་འགན་སྲུང་གི་ཕྱོགས་བཅུ་ལག་ཏུ་བསྟར་བར་ཤུགས་སྣོན་པ་དང་། སྲིད་ཁྲིམས་ལས་ཁུངས་ཀྱི་ཁྲིམས་འཛུགས་དང་ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་ལུགས་ཁྱབ་གདལ་བཅས་ཀྱི་མུ་ཕྲེང་ཧྲིལ་བོར་རྐང་བཙུགས་ནས། མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་དང་ཁྲོམ་རའི་གཙོ་གཞི་སྐྱེད་སྲིང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བཅས་ཀྱི་འགག་རྩའི་ལས་རིམ་ལ་དམ་པོར་དམིགས་ཏེ་གནད་འཁེལ་ཇུས་འདོན་བྱས།

ཁྲིམས་འཛུགས་འགན་སྲུང་གི་ཕྱོགས་ནས། ཚོང་གཉེར་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་སྲིད་ཇུས་ཐག་གཅོད་ལེགས་པོ་བྱས་པ་དང་། ཁྲོམ་རའི་གཙོ་གཞིའི་བསམ་འཆར་དང་གྲོས་གཞི་རྒྱ་ཆེར་སྡུད་ལེན་བྱས་ཏེ། རང་ཞིང་གི་དམངས་གཉེར་དཔལ་འབྱོར་གྱི་སྐུལ་སྤེལ་སྲོལ་ཡིག་སོགས་ཀྱི་ཁྲིམས་འཛུགས་འཕེལ་རིམ་ཇེ་མགྱོགས་སུ་བཏང་། འདྲ་མཉམ་རིམ་ལྡན་གྱི་ཁྲིམས་བསྟར་ཚད་ལྡན་དུ་གཏོང་བའི་ཕྱོགས་ནས། ཁྲིམས་ལྟར་ཐེངས་གཅིག་ལ་ཁྲིམས་འགལ་བྱས་པར་ཆད་པ་མི་གཅོད་པ་དང་། ཚབས་ཆུང་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་ཇེ་ཡང་དུ་གཏོང་བར་དམིགས་ནས། མཉེན་གཤིས་ཁྲིམས་བསྟར་ལ་སྐུལ་འདེད་བཏང་བ་དང་། དེ་དང་མཉམ་དུ་ཁེ་ཕན་རང་བཞིན་གྱི་ཞུ་གཏུག་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཁྱབ་ཁོངས་སུ། དབང་གནོད་རྫུན་བཟོའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་བ་དང་། ཤེས་བྱའི་ཐོན་དབང་གྱོད་གཞིའི་འདྲི་གཅོད་རྣམ་པ་བཙུགས་ཏེ། ཤེས་བྱའི་ཐོན་དབང་གྱོད་གཞི་ཐག་གཅོད་པའི་སྤུས་ནུས་མཐོར་འདེགས་བཏང་། མ་རྩ་རྡིབ་པའི་འདྲི་གཅོད་རོགས་སྐྱོབ་དང་བསྐྱར་སྒྲིག་ནུས་པ་འདོན་པའི་ཕྱོགས་ནས། མཉམ་ཞུགས་ཚོགས་འདུའི་རྐྱེན་སྲོལ་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ་དང་། ཁྲིམས་ལྟར་མ་རྩ་རྡིབ་པའི་གྱོད་གཞི་བདག་སྤྲོད་དང་ཐག་གཅོད་ནན་མོ་བྱས་ཏེ། མ་རྩ་རྡིབ་པའི་སྦྲེལ་མཐུད་བྱ་བའི་རྐྱེན་སྲོལ་བཅོས་སྒྱུར་ལག་བསྟར་གཏིང་ཟབ་བྱེད་པ་དང་། མ་རྩ་རྡིབ་པའི་འདྲི་གཅོད་ཆེད་ལས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་འགན་གཏན་འཁེལ་བྱས།

བྱེད་ཐབས་བཅུལས་ཞབས་ཞུའི་འཕེལ་རྒྱས་ནི་ཆེས་ཆེ་བའི་སྲིད་འབྲས་ཡིན་པ་དང་། དམངས་འཚོ་འགན་སྲུང་ནི་ལྟེ་བའི་ལས་འགན་ཡིན་པའི་བྱ་བའི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། སྲིད་ཁྲིམས་ལས་ཁུངས་ཀྱི་འགན་ནུས་ངེས་གནས་ལ་རྐང་བཙུགས་ཏེ། ཁྲོམ་རའི་བྱེད་པོའི་བྲེལ་དཀའ་ཁྲལ་སྒུག་ལ་དམིགས་པ་དང་། འདྲ་མཉམ་རིམ་ལྡན་གྱི་ཁྲིམས་བསྟར་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བ་དང་གནད་འཁེལ་ནུས་མཐོའི་ཁྲིམས་སྐྱོང་ཞབས་ཞུ་འདོན་སྤྲོད་བྱེད་པ། ཁེ་ལས་ལ་ཕན་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་བཅས་བརྒྱུད་ནས། ཁེ་ལས་ཀྱི་དཀའ་གནད་ཐག་གཅོད་དང་འགན་འཁྲི་ཇེ་ཡང་དུ་བཏང་ཞིང་། ཁྲོམ་རའི་བྱེད་པོའི་རིམ་ལྡན་འཕེལ་རྒྱས་ལ་རོགས་འདེགས་བྱས།

ལྷ་མོ་འཚོས་བསྒྱུར།