​​ཟླ་དང་པོ་ནས་ཟླ་ལྔ་པའི་བར་ལྕགས་ལམ་འགྲུལ་ཟོག་སྐྱེལ་འདྲེན་བྱེད་ཚད་ཀྱིས་དམིགས་ཚད་མང་པོའི་མཐོ་གསར་བསྐྲུན།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

གསར་འགོད་པས་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ཟླ་ལྔ་པའི་བར་ལྕགས་ལམ་འགྲུལ་ཟོག་སྐྱེལ་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་ནས་དམིགས་ཚད་མང་པོ་ཞིག་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན།

ད་ལོའི་ཟླ་དང་པོ་ནས་ཟླ་ལྔ་བའི་བར། ལུགས་གསར་ལོ་སར་དང་། དཔྱིད་གསར་དུས་ཆེན། དུར་མཆོད་དུས་ཆེན་བཅས་དང་དེ་མིན“ལྔ་གཅིག”སོགས་ཀྱི་གུང་གསེང་རིང་སྐུལ་ཁྲིད་བྱས་པས་ལྕགས་ལམ་འགྲུལ་སྐྱེལ་བྱེད་ཚད་ཆེས་ཆེར་འཕར་ཡོད། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཐེར་འབུམ1དུང་ཕྱུར9བྱེ་བ6ས་ཡ9སྐྱེལ་འདྲེན་བྱས་ཡོད་ཅིང་། དེའི་ནང་ཟླ5པའི་ཚེས1ཉིན་འགྲུལ་པ་མི་ཐེངས་བྱེ་བ2ས་ཡ4འབུམ8ཁྲི4སྟོང4སྐྱེལ་འདྲེན་བྱས་པ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དང་ཉིན་གཅིག་གི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན། སྡེ་ཁག་མང་པོས་མཉམ་འབྲེལ་ཐོག་ལྕགས་ལམ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁོངས་དང་རྒྱལ་ཁོངས་བརྒལ་བའི་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས། ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་ཕྱི་རྒྱལ་གྱི་འགྲུལ་པ་མི་ཐེངས་བྱེ་བ་གཅིག་ཁྲི་གཉིས་སྟོང་བཞི་སྐྱེལ་འདྲེན་བྱས་ཏེ། དེ་ན་ནིང་གི་དུས་མཉམ་ལས35.5%འཕར་ཡོད། ཟླ5པ་ནས་བཟུང་། ཐེངས་རེ་རེའི་ཀྲུང་གོ་དང་ལའོ་ཝུའོ་ལྕགས་ལམ་གྱི་རྒྱལ་ཁོངས་ལས་བརྒལ་བའི་མེ་འཁོར་འགྲུལ་བས་ཡོངས་སུ་ཁེངས་ཡོད། ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་མེ་འཁོར1400བཏང་བ་དེ་ན་ནིང་གི་དུས་མཉམ་ལས་མེ་འཁོར770འཕར་ཏེ། ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ནུས་ལྡན་བྱས།

ཟླ་དང་པོ་ནས་ཟླ་ལྔ་པའི་བར་རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་དངོས་ཟོག་ཏུན་ཐེར་འབུམ1དང་དུང་ཕྱུར6བྱེ་བ7སྐྱེལ་འདྲེན་བྱས་པ་དང་། ཉིན་རེར་ཆ་སྙོམས་དངོས་ཟོག་སྐྱེལ་གཏོང་གྲངས་འབོར་ན་ནིང་གི་དུས་མཉམ་ལས2.8%འཕར་ཞིང་། དེ་ལས་ཟླ5པའི་ཚེས2ཉིན་གྱི་དངོས་ཟོག་སྐྱེལ་གཏོང་གྲངས་འབོར་གྱིས་ཉིན་གཅིག་གི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན། 

ཟླ5པར“དབྱར་གསུམ”དངོས་ཟོག་སྐྱེལ་འདྲེན་གྱི་དགོས་མཁོ་ཧ་ཅང་ཆེ་བས། ས་གནས་མང་པོའི་ལྕགས་ལམ་སྡེ་ཁག་གིས་ཞིང་སྤྱོད་དངོས་རྫས་སྐྱེལ་འདྲེན་གྱི་སྟབས་བདེའི་རྒྱུ་ལམ་བཏོད་ནས་ཞིང་ལས་ཀྱི་དུས་ཚོད་འཐུས་ཤོར་མི་འགྲོ་བར་འགན་ལེན་བྱས་ཏེ། གཙོ་གནད་དངོས་ཟོག་སྐྱེལ་འདྲེན་འགན་ལེན་ནུས་ལྡན་བྱས། ཟླ5པའི་ཟླ་མཇུག་བར། རྒྱལ་ཁབ་ལྕགས་ལམ་གྱིས་ད་ལོར་རིམ་རྩིས་བྱས་ན་འབྲུ་རིགས་ཏུན་བྱེ་བ4ས་ཡ8འབུམ8སྟོང6ཟིན་པ་དེ་ན་ནིང་གི་དུས་མཉམ་ལས་11.9%འཕར་ཡོད།