ཞིང་ཆེན་ནོར་སྲིད་ཐིང་གིས་ཀྲུང་དབྱང་ས་ཡོམ་གནོད་འཚེའི་ཁ་གསབ་མ་དངུལ་སྒོར་བྱེ་བ་གཉིས་བཏང་ནས་མཚོ་ནུབ་ཁུལ་གྱི་གནོད་ཁུལ་ཡོམ་འགོག་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཚྭ་འདམ་ཆེ་བར་རིམ་པ6.3ཅན་གྱི་ས་ཡོམ་བྱུང་རྗེས། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་འཕྲལ་དུ་ཀྲུང་དབྱང་གི་རང་བྱུང་གནོད་འཚེ་རྒུད་སྐྱོབ་མ་དངུལ་ལས་ས་ཡོམ་གནོད་འཚེ་རྒུད་སྐྱོབ་ཁ་གསབ་མ་དངུལ་སྒོར་བྱེ་བ་གཉིས་སྔོན་ལ་བཏང་སྟེ། རང་ཞིང་གི་ཡོམ་འགོག་རྒུད་སྐྱོབ་ཀྱི་འཕྲལ་བསྟུན་ཐག་གཅོད་བྱ་བར་ཆེད་དོན་རྒྱབ་སྐྱོར་བྱས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡོམ་འགོག་རྒུད་སྐྱོབ་བྱ་བའི་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་དང་མཉམ་དུ་མ་དངུལ་ཡོངས་རྫོགས་མཚོ་ནུབ་ཁུལ་དུ་གཤམ་སྤྲོད་བྱས་ཏེ། གནོད་འཚེ་ཕོག་པའི་མི་སྣ་འཚོལ་སྐྱོབ་དང་གནས་སྤོ་བདེ་འགོད་དང་། སྨན་བཅོས་སྐྱོབ་བཅོས། འཕྲལ་བསྟུན་དངོས་ཟོག་འགན་སྲུང་དང་། ཉེན་སེལ་རྒུད་སྐྱོབ་སོགས་ཀྱི་ལས་དོན་སྣ་ཚོགས་གཙོ་གནད་དུ་བཟུང་ནས་འགན་སྲུང་བྱ་རྒྱུ་ཡིན་ལ། ནུས་ཤུགས་ཡོད་རྒུས་གནོད་ཁུལ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། ས་དེའི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བའི་སྒྲིག་སྲོལ་མྱུར་མོར་སླར་གསོ་བྱ་རྒྱུ་རེད།  ཟླ6པའི་ཚེས18ཉིན་བར། ཀྲུང་དབྱང་དང་ཞིང་ཆེན་རིམ་པས་མཚོ་ནུབ་ཁུལ་གྱི་ཚྭ་འདམ་ཆེ་བར་རྒུད་སྐྱོབ་མ་དངུལ་སྒོར་བྱེ་བ་གསུམ་གཤམ་སྤྲོད་བྱས་ཡོད།

ལྷ་མོ་འཚོས་བསྒྱུར།