
མཐོ་སྒང་ས་ཁུལ་གྱི་མང་ཚོགས་ཀྱིས་སྨན་པར་བསྟེན་པར་ལམ་ཐག་རིང་བ་དང་སྨན་པར་བསྟེན་དཀའ་བའི་དཀའ་གནད་ཐག་གཅོད་བྱེད་ཆེད། སྤུས་ལེགས་སྨན་བཅོས་ཞབས་ཞུའི་གཞི་རིམ་གྱི་མཇུག་མཐའི་བྱ་བ་ལེགས་པོར་སྒྲུབ། ཉེ་ལམ། སི་ཁྲོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་དང་མེན་དབྱང་བཞི་ཐིག་བཞི་སྨན་ཁང་གཉིས་ཀྱིས་ལི་རྫོང་གི་སྨན་བཅོས་གཅིག་མཐུན་ཚོགས་པའི་སྤྱིའི་སྨན་ཁང་དང་མཉམ་འབྲེལ་བྱས་ཏེ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ལི་རྫོང་གི་བཀྲ་ཤིས་ཐང་ཆེན་དུ་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་ཞེས་པའི་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་སྤེལ། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་མང་ཚོགས་ཀྱི་སྒོ་མདུན་དུ་སྐྱེལ་བ་དང་། བུད་མེད་དང་བྱིས་པ། རྒན་རྒོན་བཅས་ཚོགས་སྤྱིའི་སྨན་བཅོས་དགོས་མཁོར་གཙོ་གནད་འགན་སྲུང་བྱས།
ལི་རྫོང་གི་རི་མཐོ་ཞིང་ཁུག་དོག་ལ། སྡེ་བ་ཐར་ཐོར་དུ་ཆགས་ཡོད་པས། རི་སྐེད་ན་གཞིས་ཆགས་པའི་མང་ཚོགས་ཀྱིས་སྨན་པར་བསྟེན་པའི་ལམ་ཐག་རིང་བ་དང་མ་རྩ་མཐོ་བར་མ་ཟད། རྒན་རྒོན་དང་བུད་མེད། བྱིས་པ་བཅས་ཀྱིས་སྨན་པར་བསྟེན་རྒྱུ་ལྷག་ཏུ་སྟབས་བདེ་མིན། ཐེངས་འདིའི་བྱེད་སྒོ་ལས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་སྐོར་སྐྱོད་སྨན་བཅོས་བླང་བྱ་དང2026ལོའི་ཞིང་ཆེན་རིམ་པའི་སྐོར་སྐྱོད་སྨན་བཅོས་བྱ་བའི་ཇུས་གཞི་ལྟར། ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་དང་། མེན་དབྱང་བཞི་ཐིག་བཞི་སྨན་ཁང་། ལི་རྫོང་སྨན་བཅོས་གཅིག་མཐུན་ཚོགས་པ་བཅས་ཕྱོགས་གསུམ་གྱི་སྨན་བཅོས་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། ནད་གཞི་ཞིབ་བཤེར་དང་བརྟག་བཅོས། བདེ་ཐང་དྲིལ་སྒྲོག གཅོད་ནད་དོ་དམ་བཅས་ས་ཚིགས་གཅིག་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། གཞི་རིམ་བདེ་ཐང་འགན་སྲུང་ཇེ་བརྟན་དུ་བཏང་ནས། རྫོང་ཁོངས་ཀྱི་རྒན་པ་དང་བྱིས་པར་འདེགས་སྐྱོར་བྱས་ནས། གྲོང་གསེབ་དར་སྤེལ་ལ་རོགས་ཤུགས་བཏོན།
ཐེངས་འདིའི་སྐོར་སྐྱོད་སྨན་བཅོས་ཀྱི་སྲོག་ཤིང་ནི་སྨན་བཅོས་འདུ་ཤེས་དང་སྨན་བཅོས་རིག་ལམ་གསར་བ་སྐོར་ཞིག་ལི་རྫོང་དུ་དྲིལ་སྒྲོག་བྱས་ཏེ། ལི་རྫོང་གི་མང་ཚོགས་དང་ལི་རྫོང་གི་སྨན་བཅོས་མི་སྣར་སྨན་བཅོས་ཀྱི་འཕེལ་རིམ་གསར་བར་རྒྱུས་ལོན་བྱེད་དུ་འཇུག་ཆེད་ཡིན། དེ་དང་མཉམ་དུ་ཤེས་བྱ་གསར་བ་འདི་དག་གིས་ས་གནས་མང་ཚོགས་ལ་ཞབས་ཞུ་ལེགས་པོ་འདོན་སྤྲོད་བྱེད་པ་དང་། ས་གནས་ཀྱི་སྨན་བཅོས་མི་སྣས་མ་འོངས་པའི་ལས་རིགས་ཆེད་ལས་འཕེལ་རྒྱས་འགྲོ་བར་རོགས་རམ་འདོན་སྤྲོད་ཐུབ་པའི་རེ་བ་བཅངས་ཡོད།
ཐེངས་འདིའི་མཉམ་འབྲེལ་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་ལས་སྤུས་ལེགས་དང་སྟབས་བདེ། ཀུན་ཕན་བཅས་ཀྱི་སྨན་བཅོས་ཞབས་ཞུ་དེ་གཞི་རིམ་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱལ་ནས། མང་ཚོགས་ཀྱི་བདེ་ཐང་དགོས་མཁོར་གནད་འཁེལ་གྱིས་དམིགས་པས། མང་ཚོགས་ཀྱི་མིག་སྔའི་སྨན་པར་བསྟེན་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། རྫོང་ཁོངས་སྨན་བཅོས་ནུས་པ་མཐོར་འདེགས་གཏོང་བར་བསམ་བློ་བརྗེ་རེས་ཀྱི་སྟེགས་བུ་འདོན་སྤྲོད་བྱས་ཡོད། གོ་རིམ་རྗེས་མར། ལི་རྫོང་གིས་རྒྱུན་རྣམ་ཅན་གྱི་སྐོར་སྐྱོད་སྨན་བཅོས་ཞབས་ཞུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། སེམས་ཤུགས་ཡོད་རྒུས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བདེ་ཐང་དམངས་འཚོའི་དངོས་དོན་ལེགས་པོར་བསྒྲུབ་རྒྱུ་ཡིན།
ལི་རྫོང་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ། ཡུས་ཡུས་ཡན།
ལྷ་མོ་འཚོས་བསྒྱུར།