
ལྔ་པའི་ཚེས་ལྔའི་དུས་ཆེན་སླེབས་པའི་སྐབས་འདིར། ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་པའི་ཟུང་ཆུ་གནའ་མཁར་ཡང་དུས་རྒྱུན་དང་མི་འདྲ་བར་འུར་འུར་ཟང་ཟིང་དུ་གྱུར་ཡོད། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་མཁར་གྱི་སྲང་ལམ་ཆེ་ཆུང་དུ་འབྲས་ཆན་གྱི་དྲི་མ་གང་སར་འཐུལ་བ་དང་། ཚོན་སྦག་རྒྱག་པའི་སྒྲ་གང་སར་མཆེད་པ་སོགས་དུས་ཆེན་གྱི་ཉམས་སྣང་གིས་གནའ་མཁར་འདི་ཉིད་འུར་འུར་ཆིལ་ཆིལ་དུ་བཏང་ཡོད། མི་རིགས་སོ་སོའི་མང་ཚོགས་ཀྱིས་ལྔ་པའི་ཚེས་ལྔའི་དུས་ཆེན་དགའ་སྤྲོའི་ངང་བསུས་པ་དང་། ཁྱད་ལྡན་དམངས་སྲོལ་བྱེད་སྒོ་འཁྲུག་ཆ་དོད་པོས་སྤེལ་ཞིང་། མངའ་ཁུལ་གྱི་ཤིང་ཏོག་དང་སྔོ་ཚལ་གསར་པ་མཁོ་འདོན་འདང་ངེས་ཡོད་པས། ག་ས་གང་དུ་དགའ་སྟོན་འཆམ་མཐུན་གྱི་རྣམ་པ་མངོན་ཞིང་། བདེ་ཐང་འབྱོར་ཕྱུག་གི་དཔལ་གྱིས་འཚོ།
ཟུང་ཆུ་གནའ་གྲོང་གི་སྲང་ལམ་ཆེ་ཆུང་དུ་འགྲོ་སྐབས། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་མཛད་སྒོའི་ཚོར་སྣང་གང་སར་མངོན། སྲང་ལམ་གཡས་གཡོན་གྱི་ཚོང་ཁང་དང་དམངས་ཕན་ཁྲོམ་ར། ཁྲོམ་གཞུང་གི་ཚོང་ཟོག་བཤམས་ས་བཅས་སུ་འཁྲུག་ཆ་ཧ་ཅང་དོད་ཅིང་། ཡུལ་དངོས་སུ་དམངས་སྲོལ་གྱི་རྣམ་པ་ཟབ་མོ་ཞིག་མངོན་ཡོད། གང་སར་འབྲས་ཆན་ལ་ཐུམ་རྒྱག་པ་དང་བཙོས་ནས་དེ་འཕྲལ་བཙོངས་པའི་ཁྱད་ལྡན་ཚོང་བཤམས་སྟེགས་བུ་མཐོང་རྒྱུ་ཡོད་པར་བརྟེན། དེ་ནི་དུས་ཆེན་འདིར་མཚོན་ནས་བཤད་ན། གནའ་གྲོང་འདིའི་ཆེས་བཀྲག་མདངས་འཚེར་བའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
ཟུང་ཆུ་རྫོང་སྨྱན་སྦྱོར་ལྟེ་གནས། གསར་འགོད་པ། ཀྲང་ཁྲུན་ལིང་།
བན་དེ་སྐྱབས་ཀྱིས་བསྒྱུར།