
ཟླ6པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་མི་དོན་ཐིང་། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འཕྲལ་བསྟུན་ཐིང་། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་སོགས་སྡེ་ཁག་བདུན་དང་མཉམ་འབྲེལ་གྱིས《མཚོ་སྔོན་ཞིང་ཆེན་གྱི་རིམ་དབྱེ་རིགས་དབྱེའི་རོགས་སྐྱོབ་སྲིད་ཇུས་ཀྱི་གསལ་ཁྲ》པར་འགྲེམས་བྱས་ཏེ། སྡེ་ཁག་སོ་སོའི་བྱ་བའི་ལས་འགན་ཁ་གསལ་བཟོས་པ་དང་། རོགས་སྐྱོབ་བྱེད་ཐབས་ཞིབ་ཕྲར་བསྒྱུར་ཞིང་། དཀའ་ཁག་མང་ཚོགས་ཀྱི་ཁེ་ཕན་གཏན་འཁེལ་བྱས་ནས། སྤྱི་ཚོགས་རོགས་སྐྱོབ་ཁྱབ་ཁོངས་ཀྱི་ཐོན་ཁུངས་ཁ་ཐོར་དུ་ཡོད་པ་དང་སྡེ་ཁག་མཐུན་སྦྱོར་ལེགས་པོ་མིན་པ། རོགས་སྐྱོར་གནད་འཁེལ་མིན་པ་སོགས་ཀྱི་དཀའ་གནད་སེལ་ཐབས་བྱས་པ་དང་། ཕྱོགས་ཡོངས་ལ་ཁེབས་པ་དང་རིམ་དབྱེ་རིགས་དབྱེ། ཕྱོགས་བསྡུས་ནུས་མཐོ་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོར་མ་ལག་སྔར་ལས་འཐུས་ཚང་དུ་བཏང་།
གསལ་ཁྲ་ལས་སྡེ་ཁག་བདུན་གྱི་རོགས་སྐྱོར་ཐོན་ཁུངས་སྲིད་ཇུས་མ་ལག་ལྡན་པའི་ངང་དག་སྒྲིག་བྱས་ཏེ། གཞི་རྩའི་འཚོ་བའི་རོགས་སྐྱོབ་དང་སློབ་གསོའི་རོགས་སྐྱོབ། སྨན་བཅོས་རོགས་སྐྱོབ། སྡོད་ཁང་རོགས་སྐྱོབ། ལས་ཞུགས་རོགས་སྐྱོབ། གནོད་ཐེབས་མི་སྣའི་རོགས་སྐྱོབ། ནད་རིགས་འཕྲལ་བསྟུན་རོགས་སྐྱོབ་སོགས་ཀྱི་རོགས་སྐྱོར་ནང་དོན་ཚུད་པའི་རོགས་སྐྱོབ་ལས་གཞི་ཁག་ཆེན་མོ་བརྒྱད་དང་རིགས་ང་ལྔ་ཕྱོགས་བསྡུས་བྱས་ཡོད། རོགས་སྐྱོབ་རིགས་དང་ཞུགས་མཐུས་ཆ་རྐྱེན། ལས་སྒྲུབ་བརྒྱུད་རིམ། འགན་སྲུང་ཐོབ་ཐང་། སྲིད་ཇུས་ཀྱི་གཞི་འཛིན་ས། སྣེ་ཁྲིད་འགན་འཁྲིའི་སྡེ་ཁག་བཅས་གཏན་འཁེལ་བྱས་ཏེ། གྲོང་ཁྱེར་དང་ཁུལ་སོ་སོའི་བར་ཁྱད་ཅན་གྱི་གསབ་རོགས་ཚད་གཞི་བཟོ་བ་དང་ཞིང་ཆེན་བརྒལ་ནས་དམངས་བདེ་ཞབས་ཞུ་བསྒྲུབ་པ་སོགས་ཀྱི་ཁྱད་ལྡན་བྱེད་ཐབས་བརྒྱུད། རོགས་སྐྱོབ་སྲིད་ཇུས་ཀྱི་ཇུས་གཞི་གཅིག་གིས་ཕྱོགས་བསྡུས་དང་ཟུར་མཐོང་ལེབ་གསལ། མྱུར་མོར་ཞིབ་བཤེར་བཅས་མངོན་འགྱུར་བྱུང་།
མཚོ་སྔོན་གྱིས་དྲ་ངོས་ཀྱི་གནད་འཁེལ་སྔོན་བརྡ་དང་ཡུལ་དངོས་ཀྱི་གཅིག་བསྡུས་ལས་སྒྲུབ་ཀྱི་ཕྱོགས་ཡོངས་རོགས་སྐྱོབ་ཞབས་ཞུའི་མ་ལག་བཙུགས། དྲ་ངོས་སུ་ཞིང་ཆེན་གྱི་ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ཞིབ་བཤེར་ཚད་ལེན་ཆ་འཕྲིན་སྟེགས་བུར་བརྟེནནས། གཞི་གྲངས་ཀྱི་བཀག་རྒྱ་མེད་པར་བྱས་པ་དང་། ཕལ་ཆེར་ཆ་རྐྱེན་དང་འཚམ་པའི་རོགས་སྐྱོབ་བྱ་ཡུལ་དུས་ཐོག་ཏུ་མཐོང་བར་བྱས་ཏེ། གཞན་འགུལ་རེ་ཞུ་དེ་རང་འགུལ་གྱིས་མཐོང་བར་ཚུལ་སྒྱུར་བྱས་ལ། ཡུལ་དངོས་ཀྱི་ཞང་དང་གྲོང་རྡལ་དུ་ཐེངས་གཅིག་རེ་ཞུ་དང་རིགས་དབྱེའི་དངོས་འབེབས་མངོན་འགྱུར་བྱུང་སྟེ། ལས་སྒྲུབ་དུས་ཡུན་ཇེ་ཐུང་དུ་བཏང་ཞིང་ཞབས་ཞུའི་སྤུས་ནུས་མཐོར་འདེགས་བཏང་།
ལྷ་མོ་འཚོས་བསྒྱུར།