
ཟླ7པའི་ཚེས3ཉིན་གྱི་སྔ་དྲོར། ཅི་ཉིན་གསོ་རིག་སློབ་གླིང་རྟོག་ཞིབ་བརྗེ་རེས་བཞུགས་མོལ་ཚོགས་འདུ་དང་འཐབ་ཇུས་མཉམ་ལས་མཆན་བཀོད་མཛད་སྒོ་དེ་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དུ་སྤེལ། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་དང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དང་ཅི་ཉིན་གསོ་རིག་སློབ་གླིང་བཅས་ཀྱིས་མཉམ་གཅིག་ཏུ་སྤྱི་ཚོགས་སེམས་ཁམས་བཅོས་སྐྱོང་དང་། ཁྲིམས་འཛིན་གསལ་འབྱེད། ཁོངས་བརྒལ་སྨན་བཅོས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སོགས་འཐབ་ཇུས་མཉམ་ལས་གྲོས་ཡིག་ལ་མིང་རྟགས་བཀོད།
མཛད་སྒོའི་ཡུལ་དངོས་སུ། ཕྱོགས་གསུམ་གྱིས་གཅིག་བསྡུས་སྒོས་རྣམ་གྲངས་གསུམ་གྱི་འཐབ་ཇུས་མཉམ་ལས་གྲོས་ཡིག་ལ་མིང་རྟགས་བཀོད། མཚོ་སྔོན་ཁྲིམས་འཛིན་ཐིང་དང་ཅི་ཉིན་གསོ་རིག་སློབ་གླིང་གཉིས་ཀྱིས《སྤྱི་ཚོགས་སེམས་ཁམས་བཅོས་སྐྱོང་མཉམ་ལས་གྲོས་ཡིག》དང《ཁྲིམས་འཛིན་གསལ་འབྱེད་མཉམ་ལས་གྲོས་ཡིག》ལ་མིང་རྟགས་བཀོད་ཅིང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དང་ཅི་ཉིན་གསོ་རིག་སློབ་གླིང་གཉིས་ཀྱིས《ཁོངས་བརྒལ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་མཉམ་ལས་སྒྲོམ་གཞི་གྲོས་ཡིག》ལ་མིང་རྟགས་བཀོད། ཐེངས་འདིའི་མིང་རྟགས་བཀོད་པ་ཡིས“མཐོ་སློབ་དང་ཁྲིམས་འཛིན་སྲིད་འཛིན་ལས་དོན”དང“མཐོ་སློབ་དང་སྨན་ཁང”གཉིས་ཀྱི་དགེ་མཚན་མཉམ་གསབ་བྱེད་པའི་ཁོངས་བརྒལ་རོགས་སྒྲུབ་ཀྱི་རྣམ་པ་གསར་བ་གསར་གཏོད་འཛུགས་སྐྲུན་བྱས་པ་དང་། ས་ཁོངས་གཉིས་ཀྱི་ཕུལ་བྱུང་ཐོན་ཁུངས་མཉམ་མཐུད་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། རྨ་ཆུའི་བཞུར་རྒྱུད་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་དྲག་པོ་བསྩལ།
རྒྱུས་ལོན་བྱུང་བ་ལྟར་ན། ཅི་ཉིན་གསོ་རིག་སློབ་གླིང་ནི་ཧྲན་ཏུང་ཞིང་ཆེན་ཁོངས་གཏོགས་གཙོ་གནད་དངོས་གཞི་གསོ་རིག་སློབ་གླིང་ཡིན་པའི་ཆ་ནས། རྒྱལ་ནང་གི་གསོ་རིག་སློབ་གསོ་དང་ཚན་ཞིབ་ལྟེ་གནས་གལ་ཆེན་ཡིན་ཞིང་། ཕྱོགས་བསྡུས་སྟོབས་ཤུགས་དཔུང་མཐུག་ལ། རིག་ཚན་ཁྱད་ཆོས་དོད་པ་དང་། གཞུང་ལུགས་ཞིབ་འཇུག་དང་འཇོན་མི་གསོ་སྐྱོང་། རིག་ཚན་འཛུགས་སྐྲུན་སོགས་ཕྱོགས་སུ་ཉམས་མྱོང་ཟབ་ཅིང་། དགེ་མཚན་མངོན་པར་འཕགས་པ་ཡོད། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་དང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་ཐེངས་འདིའི་མཉམ་ལས་གོ་སྐབས་སུ་བཟུང་ནས། ཅི་ཉིན་གསོ་རིག་སློབ་གླིང་གི་སྔོན་ཐོན་རིག་གཞུང་བསམ་བློ་དང་། སློབ་དཔྱོད་ཉམས་མྱོང་། མི་སྐྱོང་རྣམ་པ་བཅས་ལ་དཔེར་བླངས་ཏེ། རྒྱུན་ཆད་མེད་པར་རོགས་སྒྲུབ་གྲུབ་འབྲས་དང་། སྨན་བཅོས་རོགས་སྐྱོར་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཕྱོགས་ཡོངས་ནས་སྨན་བཅོས་ཞབས་ཞུ་སྤུས་ཚད་དང་ཕྱོགས་བསྡུས་ནུས་ཤུགས་མཐོར་འདེགས་བཏང་སྟེ། ཏན་ཏིག་གིས་མཐོ་སྒང་གི་རིགས་སོ་སོའི་མང་ཚོགས་ལ་སྔར་བས་ཁྱད་འཕགས་དང་། སྔར་བས་སྟབས་བདེ་ཅན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་དུ་འཇུག་རྒྱུ་རེད།