
ཟླ7པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཚུན་དུ། མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། བྱ་བ་ཁག་སོ་སོར་རིམ་བརྒལ་རང་བཞིན་གྱི་གྲུབ་འབྲས་བླངས། ད་ལྟའི་བར་དུ། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་བཟའ་བཏུང་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་གནས་རང་བཞིན་གྱི་ཞིང་ལས་ཐོན་རྫས། ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་སྤྱིའི་གྲངས་འབོར1531ལ་སླེབས་པ་དང་། ལོ་སྔོན་མ་དང་བསྡུར་ན་བརྟན་བརླིང་ངང་གོང་འཕེལ་འགྲོ་བཞིན་ཡོད།
དེ་དང་མཉམ་དུ། ནས་ཕྱེས་དང་ནས་ཀྱི་སོག་མ་གཉིས་ལྗང་མདོག་ཟས་རིགས་ཐོན་སྐྱེད་རྒྱུ་ཆར་ངོས་འཛིན་བྱས་ཏེ། རང་ཞིང་གི་ནས་ཀྱི་ལྗང་མདོག་གཟན་ཆས་ཀླད་གོར་ལས་ཐོལ་བརྒལ་བྱས། རྒྱལ་ཡོངས་ཀྱི་ལྗང་མདོག་ཟས་རིགས་མ་བཅོས་རྒྱུ་ཆ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི18དེ་བདེ་བླག་ངང་ལྗང་མདོག་ཟས་རིགས་ཀྱི་མ་བཅོས་རྒྱུ་ཆ་འདོན་སྤྲོད་ས་གནས་སུ་ཚུལ་བསྒྱུར་བྱས་པ་དང་། རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞིའི་སྤྱིའི་གྲངས་འབོར18ལ་སླེབས།
ཚད་ལྡན་ཅན་གྱི་འདེགས་སྐྱོར་ནུས་པ་མུ་མཐུད་དུ་ཇེ་མཐོར་སོང་བ་དང་བསྟུན་ནས། ཞིང་ཕྱུགས་ལས་རིགས་ཀྱི་ས་གནས་ཚད་གཞི20གསར་ཏུ་བཙུགས་པ་དང་། ཞིང་ཕྱུགས་ལས་རིགས་ཀྱི་ས་གནས་ཚད་གཞི30འགྲེམ་སྤེལ་བྱས། 《ཡུག་པོའི་ཐོན་ལས་ཀྱི་ཚད་ལྡན་མ་ལག》《སྲོག་ཆགས་རིམས་ནད་སྔོན་འགོག་གི་ཚད་ལྡན་མ་ལག》《བོད་ལུག་གི་གསོ་སྤེལ་གོ་རིམ་ཧྲིལ་བོའི་ལག་རྩལ་ཚད་གཞི》《ནོར་གནག་གཟན་ཆས་གསོ་སྤེལ་གྱི་དོ་དམ་དང་ལག་རྩལ་ཚད་གཞི》སོགས་གནད་འགག་གི་ཚད་གཞི་བདེ་བླང་ངང་འགྲེལ་སྤེལ་བྱས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་ཞིབ་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། ཞིང་ཆེན་ཡོངས་ནས་ལོ་སྟོད་ཏུ་ཁྱོན་སྡོམ་རིགས་སོ་སོའི་འཐེན་བཤེར་ཐེངས་ཁྲི་གཅིག་སུམ་སྟོང་བརྒྱ་དང་ལྔ་བཅུ་ལེགས་འགྲུབ་བྱས་པ་དང་། ལྟ་ཞིབ་ཚད་ལོངས་ཚད་གཞི་བརྒྱ་ཆའི་གོ་བརྒྱད་དུ་བརྟན་འཇགས་བྱས། ཞིང་ཆེན་ཡོངས་སུ་ཁྱོན་སྡོམ་ཚད་ལོངས་ཚད་ལྡན་འཛིན་བྱང་འབུམ་གཅིག་ཁྲི་གཉིས་སྟོང་དྲུག་སྤྲད་པ་དང་། འཛིན་བྱང་ཡོད་པའི་ཐོན་རྫས་ཚོང་འགྲེམ་བྱེད་པའི་ཟིན་ཚད་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བཞིན་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།