
ཉེ་ལམ། ཞིང་ཆེན་དཔྱད་ཞིབ་འགོ་ཁྲིད་ཚན་ཆུང་གི་ཁོངས་ཞུགས་ལས་ཁུངས་ཀྱི་བྱ་བའི་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དཔྱད་ཞིབ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། བྱ་བར་ཕྱོགས་བསྡོམས་དང་ད་ལོའི་ལོ་སྨད་ཀྱི་གཙོ་གནད་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ལོ་སྨད་ནི་ལོ་ཧྲིལ་བོའི་བྱ་བར་དཔྱད་ཞིབ་བྱེད་པའི་འགག་སྒྲོལ་དུས་སྐབས་དང་མཇུག་སྒྲིལ་དུས་སྐབས་ཡིན་པས། ཏང་འཛུགས་སྐྲུན་དང་། སྐྱེ་ཁམས་སྲུང་སྐྱོབ། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་བཅོས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། དམིགས་ཚད་བཀོད་སྒྲིག་མུ་མཐུད་ལེགས་སྒྱུར་དང་། བརྒྱུད་རིམ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། བསམ་བློ་དང་སེམས་ཤུགས་དེ་དོན་འཁྱོལ་དམ་འཛིན་དང་། འཕེལ་རྒྱས་ལ་སྐུལ་སྤེལ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ཐོག་གཅིག་སྡུད་བྱེད་པར་ཁྲིད་སྟོན་ཏན་ཏིག་བྱེད་དགོས། ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་གཏོང་བར་ཤུགས་རྒྱག་པ་དང་། སྤྱི་འདོམས་མཉམ་འགུལ་ཐད་སླར་ཡང་གཏིང་ཟབ་ཏུ་གཏོང་བ། སྡེ་ཁག་གི་འགོག་རྐྱེན་དང་ཆ་འཕྲིན་ཁེར་ཆགས་གཏོར་གང་ཐུབ་བྱེད་པ། ཁོངས་ཞུགས་སྡེ་ཁག་སོ་སོས་རང་འགུལ་ངང་ཕྱོགས་བསྡུས་དཔྱད་ཞིབ་བྱ་བའི་མ་ལག་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བ། འགག་སྒྲོལ་དཀའ་སེལ་ཐད་སླར་ཡང་ཤུགས་རྒྱག་པ་དང་། རྗེས་ལུས་ཐེབས་པའི་ལས་འགན་རེ་རེ་བཞིན་དབྱེ་ཞིབ་དང་རིགས་དབྱེ་ཇུས་བསྟར་བྱས་ཏེ། རྗེས་ལུས་ཐེབས་པའི་དམིགས་ཚད་དུས་ཐོག་ཏུ་དུས་རིམ་གྱི་འཕེལ་རིམ་དང་བསྟུན་ཐུབ་པཪ་འགན་ལེན་བྱེད་པ། དག་ཐེར་གནད་འཁེལ་ཐད་སླར་ཡང་ནན་མོ་བྱེད་པ་དང་། དཔྱད་ཞིབ་དང་། ཕྱིར་ལྡོག དག་ཐེར། བསྐྱར་ཞིབ་བཅས་ཀྱི་མུ་ཕྲེང་ཧྲིལ་པོའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དཔྱད་ཞིབ་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་། དག་ཐེར་ལ་བརྟེན་ནས་བྱ་བ་སྒྲུབ་པ་བཅས་བྱེད་དགོས།
ཚོགས་འདུ་ལས་ཁོངས་ཞུགས་ལས་ཁུངས་སོ་སོས་བསམ་བཀོད་གཅིག་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། བྱ་བའི་འགན་འཁྲི་གཟབ་ནན་དུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ། དཔྱད་ཞིབ་གཞི་གྲངས་མཉམ་སྤྱོད་དང་། ལྟ་སྐུལ་ཞིབ་བཤེར་གཅིག་འདོམས་ལེགས་སྒྲིག རྒྱུན་ལྡན་འབྲེལ་གཏུག་འབྲེལ་མཐུད་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ནས། གཞི་རིམ་གྱི་ཞིབ་བཤེར་དང་ལེན་བྱེད་པའི་ཁུར་པོ་ཇེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། ཆེད་དོན་ལས་སྒོ་དཔྱད་ཞིབ་སྣེ་ཁྲིད་ལས་ཁུངས་ཀྱིས་རང་འགུལ་རྗེས་འདེད་བྱེད་པ་དང་། དུས་ཐོག་ཏུ་ལས་སྒོའི་དམིགས་ཚད་དོན་འཁྱོལ་བྱས་ཚུལ་བརྡ་ཁྱབ་གཏོང་བ། སྤུས་ཚད་མཐོ་བའི་དཔྱད་ཞིབ་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།
ཤ་བོ་གསེར་མཚོས་བསྒྱུར།