མཚོ་སྔོན་གྱིས་ས་གདན་ཕྱི་ཕྱོགས་ཉོ་ཚོང་གི"མཐའ་མའི་སྤྱི་ལེ་གཅིག"ཤར་གཏོང་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ7པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་འབྱོར་བའི་གནས་ཚུལ་ལྟར་ན། སྲོལ་རྒྱུན་ཕྱི་ཕྱོགས་ཉོ་ཚོང་གི་འགྲེམ་རྫས་འགག་སྒྲོལ་བྱེད་པར་མ་རྩ་མཐོ་བ་དང་། ཚོང་གསོག་གནོན་ཤུགས་ཆེ་བ་སོགས་ཀྱི་ལས་རིགས་དཀའ་གནད་སེལ་བའི་ཆེད་དུ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཀྲུང་གོ་བོད་ལུགས་ས་གདན་མཐུན་ཚོགས་དང་། ཟི་ལིང་ཕྱོགས་བསྡུས་ཁྲུལ་སྲུང་ཁུལ་གཉིས་དང་མཉམ་འབྲེལ་བྱས་ཏེ། སྤོབས་པ་ཆེན་པོས་འཚོལ་ཞིབ་དང་། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ནས། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་འཇོག་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་བདུན་པའི་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཁུལ་དུ། རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་ཁྲལ་སྲུང་དང་འགྲེམ་སྟོན་གྱི་ཕྱི་ཕྱོགས་ཉོ་ཚོང་འགག་སྒྲོལ་བྱེད་པའི་རྣམ་པ་གསར་བ་བཏོད་དེ། རྒྱལ་ཡོངས་ཀྱི་རིགས་མཚུངས་འགྲེམ་ཚོགས་འགག་སྒྲོལ་གྱི་སྟབས་བདེ་ཅན་གྱི་བཅོས་བསྒྱུར་ལ་ལད་ཟློས་བྱེད་ཆོག་པ་དང་། ཁྱབ་གདལ་བཏང་ཆོག་པའི་མཚོ་སྔོན་གྱི་མ་དཔེ་འདོན་སྤྲོད་བྱས།

ཕྱི་རྒྱལ་གྱི་འགྲེམ་ཞུགས་དངོས་ཟོག་ཚང་མ་ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་གཅིག་འཐུས་རྣམ་པའི་སྒོ་ཁྲལ་ནས་གནས་ཞུ་བྱས་ཏེ་མངའ་ཁོངས་སུ་ཐོན་པ་དང་། ཐད་ཀར་འགྲེམ་ཁང་དུ་ཁྲལ་སྲུང་འགྲེམ་སྟོན་བྱས་ཏེ"ཁྲལ་སྲུང་ཁུལ་དུ་ཐོན་པ་དང་། ལྗོངས་རྣམ་འགྲེམ་སྟོན། ཡུལ་དངོས་ཚོང་གཏམ། དགོས་མཁོ་ལྟར་འགག་སྒོ་སྒྲོལ་བ"བཅས་ཀྱི་མུ་ཕྲེང་ཧྲིལ་པོའི་བཀག་སྡོམ་བགྲོད་ལམ་ཤར་གཏོང་ཐུབ་པར་བྱས། གསར་གཏོད་བྱེད་ཐབས་འདིས་སྲོལ་རྒྱུན་གྱི་ཕྱི་ཕྱོགས་ཉོ་ཚོང་འགྲེམ་དངོས་ཀྱི་འགག་སྒྲོལ་མ་རྩ་མཐོ་བ་དང་། ཚོང་གསོག་གནོན་ཤུགས་ཆེ་བ། འཛད་སྤྱོད་པའི་ཉམས་ལེན་ཞན་པ། མངག་ཐོ་གཞན་སྒྱུར་དལ་བ་སོགས་ཀྱི་ལས་རིགས་ཀྱི་དཀའ་ཁག་ནུས་ལྡན་སྒོས་སེལ་བ་དང་། ཁེ་ལས་འགྲེམ་སྟོན་ལ་ཞུགས་པའི་མ་རྩ་དམའ་རུ་གཏོང་བ། འགྲེམ་སྟོན་ཉོ་ཚོང་ཕན་ནུས་ཆེ་བའི་མཉམ་འགུལ་བྱེད་པར་རོགས་རམ་བཅས་བྱས་ཏེ། མཚོ་སྔོན་གྱིས་འཛམ་གླིང་རིམ་པའི་ས་གདན་ཐོན་ལས་བསྡུ་འགྲེམ་ལྟེ་གནས་བསྐྲུན་པར་སྒུལ་ནུས་ཆེན་པོ་བསྩལ་ཡོད།

ཐེངས་འདིའི་འགྲེམ་ཚོགས་སུ་རྒྱལ་ཁབ་ཕྱི་ནང་གི་འཐག་གདན(བོད་ལུགས་ས་གདན)འགྲེམ་དངོས་བསྡོམས་འབོར་ཏུན250ཟིན་པ་དང་། དེའི་ནང་ཕྱི་རྒྱལ་གྱི་ནང་འདྲེན་དངོས་ཟོག་ཏུན40དང་། ཕྱི་རྒྱལ་དུ་འགྲེམ་སྟོན་ནང་ཞུགས་དངོས་ཟོག་ཏུན80 ། རྒྱལ་ནང་གི་འགྲེམ་སྟོན་ནང་ཞུགས་དངོས་ཟོག་ཏུན་130བཅས་ཟིན་པ་དེ་ན་ནིང་ལས་ཆེས་ཆེར་འཕར་བ་ནི། ཉེ་བའི་ལོ30ཡི་རིང་འཐག་གདན(བོད་ལུགས་ས་གདན)རིགས་ཆ་ཚང་ཤོས་དང་། བཟོ་རྩལ་ལེགས་ཤོས། རིན་ཐང་མཐོ་ཤོས་བཅས་ཀྱི་ལས་རིགས་ཀྱི་རྒྱས་ཚོགས་གཟབ་རྒྱས་ཤིག་རེད། ཁྱད་ལྡན་ཐོན་རྫས་ཕུལ་བྱུང་སྐྱེས་སུ་བཏེགས་ཤིང་། ཕྱི་རྒྱལ་གྱི་སྲོལ་རྒྱུན་ལག་ཤེས་མཚོན་བྱེད་བརྩམས་ཆོས་ལ་ཉར་ཚགས་རིན་ཐང་ཧ་ཅང་མཐོ་བའི་ཨ་ཧྥུ་ཧནZEEWARནོར་བུའི་ས་གདན་ཡོད་པ་དང་། དེང་རབས་ཀྱི་སྤུས་དག་ལ་དབྱི་ལང་གི"དངུལ་རླབས་གསེར་བྱེའི"དར་སྐུད་ལག་ཤེས་ས་གདན་ཡོད་ལ། རྒྱལ་ནང་གི་ཧྲིན་ཡོན་སྡེ་ཚོགས་ཀྱི་བོད་ལུགས་ས་གདན་འཐུས་ཚབ་བྱས་པའིAIཇུས་འགོད་གཞི་རྒྱུའི་འབུར་གཟུགས་རི་མོའི་རྣམ་པ་མཉམ་འདྲེས་བྱས་ཏེ། སྲོལ་རྒྱུན་བོད་ལུགས་ས་གདན་གྱི་དཔེར་མཚོན་རི་མོའི་རྣམ་པ་དང་། རང་བྱུང་ཚོས་རྒྱག་དང་ལག་ཤེས་བསླས་འཐག་ལག་རྩལ་གྱི་རྨང་གཞིའི་ཐོག་བློ་ཁོག་ཆེན་པོས་དེང་རབས་ཀྱི་སྤྱི་མཚན་དུ་གྱུར་པའི་སྒྱུ་རྩལ་དང་། རྒྱལ་རླབས་གསར་འབྲི། རང་བྱུང་ཡིད་བརྙན་སོགས་གསར་རྩོམ་ཐོན་རྫས་གསར་པ་གསར་རྐྱང་ནང་དུ་འདྲེས་པར་བྱས་ཏེ། འགྲེམ་ཚོགས་ལ་ཞུགས་པའི་ཡུལ་སྐོར་ཚོང་བར་ས་གདན་གྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་རྒྱུ་རེད།

ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་ལམ་ལུགས་རྣམ་པའི་སྒོ་འབྱེད་ནུས་སྩོལ་གྱི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས། "ཁྲལ་སྲུང་དང་འགྲེམ་སྟོན"རྣམ་པའི་སྦྲེལ་མཐུད་སྲིད་ཇུས་དང་། འགག་སྒྲོལ། མཛོད་ཉར། ཉོ་ཚོང་བཅས་ཀྱི་མུ་ཕྲེང་ཧྲིལ་པོའི་ཞབས་ཞུ་སྒྲུབ་སྟེ། ཁེ་ལས་ཀྱི་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་རྩ་དམའ་རུ་གཏོང་བ་དང་། འཛད་སྤྱོད་པའི་ཡུལ་དངོས་ཉམས་ལེན་ཚོར་སྣང་། མངག་ཐོ་སྒྱུར་ཚད་མཐོ་རུ་བཏང་ནས་མཚོ་སྔོན་བོད་ལུགས་ས་གདན་གྱི་ཁྱད་ལྡན་ཐོན་ལས"རྒྱུད་གཅིག་ལམ་གཅིག"ནང་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་རོགས་རམ་བྱས་པ་རེད།