
ཟླ7པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས《གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སྤུས་ཚད་ལེགས་བཅོས་ཀྱི་ལོ་གསུམ་འགུལ་སྐྱོད་བྱ་བའི་ཇུས་གཞི(2026-2028)》ཞེས་པ་པར་འགྲེམ་བྱས་ཏེ། ཁྱོན་ཡོངས་ནས་དུས་ཡུན་ལོ་གསུམ་གྱི་གཞི་རིམ་སྨན་བཅོས་སྤུས་ཚད་མཐོར་འདེགས་ཀྱི་ཆེད་དོན་འགུལ་སྐྱོད་ལ་བཀོད་སྒྲིག་བྱས། 2028ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་གཞི་རྩའི་ཆ་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སྨན་བཅོས་སྤུས་ཚད་དོ་དམ་བྱ་བའི་མ་ལག་འཛུགས་སྐྲུན་ལེགས་འགྲུབ་བྱེད་པ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། སྨན་བཅོས་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱེད་དགོས་པ་གསལ་བོར་བསྟན།
《ཇུས་གཞི》ལས་ཕྱོགས་གསུམ་ནས་བྱེ་བྲག་གི་བྱེད་ཐབས13བཏོན་ཡོད་ལ། རིམ་པ་གསུམ་གྱི་མཉམ་འགུལ་སྤུས་ཚད་དོ་དམ་རྩ་འཛུགས་ཀྱི་སྒྲོམ་གཞི་འཐུས་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་སྤུས་ཚད་ཚོད་འཛིན་འཁོར་སྐྱོད་དཔྱད་དཔོག་ལམ་སྲོལ་འཛུགས་པ། བརྒྱུད་རིམ་ཧྲིལ་པོའི་ཚད་ལྡན་ཅན་གྱི་ལམ་ལུགས་མ་ལག་འཛུགས་པ་བཅས་བྱས་ནས། རིམ་པ་ཁག་གི་སྤུས་ཚད་ཚོད་འཛིན་གྱི་འགན་འཁྲི་ནན་དཀྲི་བྱེད་པ། འཁོར་སྐྱོད་ལམ་སྲོལ་ཁ་གསལ་བཟོ་བ། ཚད་ལྡན་དོ་དམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས། སྒོ་བསྟེན་སྨན་བཅོས་དང་། མྱུར་བཅོས་མྱུར་སྐྱོབ། ལུགས་མཐུན་སྨན་སྤྱོད།བརྟག་དཔྱད་ཞིབ་བཤེར། ནད་སྐྱོང་ནད་ཡམས་སྔོན་འགོག སྡོད་བཅོས་གཤགས་བཅོས། ཀྲུང་ལུགས་སྨན་རྫས(བོད་སྨན)ཞབས་ཞུ་སོགས་གཙོ་གནད་ཁྱབ་ཁོངས7 ལ་དམིགས་ནས། དོ་དམ་ཚད་གཞི་དང་ བཀོལ་སྤྱོད་ཚད་གཞི། ལྟ་སྐུལ་དོ་དམ་བླང་བྱ་བཅས་རེ་རེ་བཞིན་ཁ་གསལ་བཟོས་ཏེ། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་སྣ་ཚོགས་ཁྱོན་ཡོངས་ནས་ཚད་ལྡན་བཟོ་དགོས། རིམ་པ་དབྱེ་བ་དང་རིགས་དགར་ཏེ་ལས་སྒྲུབ་མི་སྣ་ཡོངས་ཀྱི་སྤུས་ཚད་ཚོད་འཛིན་ནུས་པ་གསོ་སྦྱོང་བྱེད་པ་དང་། རིག་ནུས་ཅན་གྱི་སྤུས་ཚད་ཚོད་འཛིན་དང་ཆ་འཕྲིན་ཅན་གྱི་གནད་འཁེལ་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་གཏོང་བ། སྤུས་ཚད་ལེགས་བཅོས་འགུལ་སྐྱོད་དང་སྤུས་ལེགས་ཞབས་ཞུ་གཞི་རིམ་དུ་བསྐྱོད་པ་སོགས་གཙོ་གནད་བྱ་བར་མཉམ་འདྲེས་བྱས་ཏེ། ཡུན་རིང་བཅོས་སྐྱོང་ལམ་ལུགས་འཛུགས་དགོས།
《ཇུས་གཞིའི》ནང་ས་གནས་ཁག་གིས་རང་ས་གནས་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། གཞི་རིམ་གྱི་སྨན་བཅོས་སྤུས་ཚད་ཞན་པར་དམིགས་ནས་གནད་ཁེལ་ཇུས་གཞི་ལག་བསྟར་བྱེད་པ་དང་། མི་སྣ་ཡོངས་ཀྱི་སྤུས་ཚད་བདེ་འཇགས་འདུ་ཤེས་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།