2026ལོའི་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་འགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

དཔའ་བོའི་ཕ་ས་རུ། རིག་གནས་ཡུལ་སྐོར་གྱི་དགྱེས་སྟོན་བཤམས། ཟླ8པའི་ཚེས4ཉིན། ལོ་རྒྱུས་སྙན་རྩོམ་གྱིས་བླ་སྲོག་བསྐྲུན་ཞིང་ཐོག་མའི་སེམས་འདུན་སྲུང་། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་། བློ་སེམས་རྩེ་གཅིག་གིས་མགོ་ལོག་གསར་པ་མཉམ་དུ་བསྐྲུན་ཞེས་པ་བརྗོད་དོན་ཡིན་པའི2026ལོའི་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་དེ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྐལ་བཟང་ཐང་དུ་འགོ་བརྩམས། རྨ་ཡུལ་རྩྭ་ཐང་དུ་རྐང་ཚུགས་པའི་རིག་གནས་དགྱེས་སྟོན་འདིས། གཅིག་བསྡུས་སྒོས་གེ་སར་རིག་གནས་ཀྱི་རྔམ་མཐུག་ངང་ཚུལ་མངོན་པར་བསྟན་ལ། གསོན་ཉམས་ལྡན་པའི་ངང་རིགས་སོ་སོའི་མང་ཚོགས་ཀྱི་སེམས་མཐུན་མཉམ་སྐྱོད་ཀྱི་དུས་རབས་ཀྱི་རང་མདངས་ངོམ་ཞིང་། རིག་གནས་ཡུལ་སྐོར་ཐོན་ལས་དེ་གཏིང་ཟབ་མོར་མཉམ་སྡེབ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་།

ཉིན་དེའི་ཆུ་ཚོད་བཅུ་པར། འགོ་རྩོམ་མཛད་སྒོའི་ཚོགས་རར་ཞུགས་པའི་ཚན་པར་རྔམ་ཟིལ་རབ་ཏུ་རྒྱས་ལ། ཁུལ་ཡོངས་ཀྱི་རྫོང་ལྔ་ཡིས་གྲུབ་པའི་གེ་སར་བརྗོད་དོན་དུ་བྱས་པའི་འཁྲབ་སྟོན་རུ་ཁག་དང་། མི་རིགས་རྒྱན་གོས་འགྲེམ་སྟོན་རུ་ཁག་སོགས་རིམ་པ་བཞིན་དུ་གར་སྟེགས་སུ་སླེབས། མཚར་སྡུག་རྣམ་པར་བཀྲ་བའི་རྒྱན་གོས་དང་ཁྱད་ལྡན་འགྲེམ་སྟོན་གྱིས་གཟི་མདངས་རབ་ཏུ་ངོམ་པས། ཁྱོན་ཡོངས་ནས་མགོ་ལོག་ཁུལ་གྱི་ཐུན་མིན་གྱི་རིག་གནས་མཚར་སྡུག་མངོན་པར་བསྟན། རྫོང་སོ་སོ་ནས་ཡོང་བའི་རིག་རྩལ་རྐང་འཛིན་པས་གེ་སར་རིག་གནས་ནང་སྙིང་རབ་ཏུ་སྔོག་ཅིང་། བློ་ཞིབ་མོས་གླུ་གར་ལེགས་རྩོམ་མང་པོ་སྒྲིག་ཁྲིད་བྱས་པ་དང་། གླུ་སྐད་རེ་རེ་དང་། སྣང་བརྙན་རེ་རེར་རྩྭ་ཐང་ཉམས་འགྱུར་གྱིས་ཕྱུག་ཡོད་ལ། ལེ་ཚན་རེ་རེ་ཡིས་དུས་རབས་གསར་པའི་མགོ་ལོག་ཁུལ་གྱི་འཕེལ་རྒྱས་ཀྱི་འཕོ་འགྱུར་གླེང་བཞིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། དགའ་སྟོན་བྱེད་སྒོ་དེ་ཟླ8པའི་ཚེས6ཉིན་བར་ཡོད་ཅིང་། རིམ་པ་བཞིན་དུ་རྟ་རྒྱུག་དང་། མདའ་འཕེན་སོགས་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་སྣ་མང་ཡོད་པ་དང་། དུས་མཉམ་དུ་གེ་སར་རིག་གནས་ཆེད་དོན་གླེང་སྟེགས་དང་། ཤུལ་བཞག་ལེགས་རྫས་འགྲེམ་སྟོན། རིག་གནས་ཡུལ་སྐོར་ཚོང་འགུག་འོས་སྦྱོར། དམངས་སྲོལ་མཉམ་ཞིབ་ཉམས་ལེན། རྫོང་སོ་སོའི་ཆེད་དོན་རིག་རྩལ་འཁྲབ་སྟོན་སོགས་ཁྱད་ལྡན་བྱེད་སྒོ་མང་པོ་སྤེལ་རྒྱུ་རེད།

རིག་གནས་བླ་རུ་བཟུང་ཞིང་། ཡུལ་སྐོར་གཟུགས་སུ་བྱས། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་མགོ་ལོག་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་བྱ་བའི་བླང་བྱ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་མཚོ་སྔོན་ལྷོ་རྒྱུད་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པའི་འཆར་འགོད་བཀོད་སྒྲིག་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན། བྱེད་སྒོ་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པའི་རྨང་རྡོ་བརྟན་པོར་བཏིང་ནས། མགོ་ལོག་ཁུལ་གྱི་སྲོག་ཤིང་གཅིག་དང་ལས་རིགས་གཉིས་འདེགས་སྐྱོར་བཞི་ཡི་འཕེལ་རྒྱས་དགོངས་པར་དམ་པོར་སྦྲེལ་བ་དང་། གེ་སར་རིག་གནས་ཀྱི་རྒྱུན་འཛིན་གསར་གཏོད་དེ་སྒྲོག་ཐག་ཏུ་བཟུང་སྟེ། སྐྱེ་ཁམས་ཡུལ་སྐོར་ལས་རིགས་དེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འབྱུང་བར་སྒུལ་ཤུགས་བླ་མེད་བསྩལ་ཞིང་། མི་རིགས་སོ་སོ་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་འབྱུང་བར་སྐུལ་སྤེལ་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་མེ་ཏོག་དེ་གངས་ལྗོངས་མཐོ་སྒང་དུ་རྣམ་པར་བཞད་ཅིང་བཀྲགས་མདངས་འཚེར་དུ་བཅུག