
ཟླ8པའི་ཚེས4ཉིན། 2026ལོའི“དམངས་ཡོངས་ལུས་སྦྱོང་ཉིན་མོའི”བརྗོད་དོན་བྱེད་སྒོ་དང་མཚོ་སྔོན་ཞིང་ཆེན་གྱི“དམངས་ཡོངས་ལུས་སྦྱོང་ཟླ་བའི”འགོ་རྩོམ་མཛད་སྒོ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་སྤེལ།
ཐེངས་འདིའི་བྱེད་སྒོ་དེ་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་རེད། བྱེད་སྒོ་ལས“དམངས་ཡོངས་ལུས་སྦྱོང་ཁྲོད་ང་ཚོ་མཉམ་དུ་ཞུགས། དྭངས་གཙང་རྨ་ཆུ། བདེ་ཐང་འགུལ་སྐྱོད“ཅེས་པ་བརྗོད་དུ་བྱས་ཡོད་ལ། དམིགས་ཡུལ་ནི་དམངས་ཡོངས་ལུས་སྦྱོང་ཐད་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། མཐོ་སྒང་གི་ལུས་རྩལ་སྟོབས་ལྡན་ཞིང་ཆེན་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཆེད་དུ་རེད།
འགོ་རྩོམ་མཛད་སྒོའི་སྟེང་། ཁྱབ་ཁོངས་སོ་སོའི་ཕུལ་བྱུང་འཐུས་མི་རྣམས་ཀྱིས་དམངས་ཡོངས་ལུས་སྦྱོང་གི་གྲོས་འདོན་ཡི་གེ་མཉམ་དུ་སྒྲོག་འདོན་བྱས། བྱེད་སྒོའི་ཡུལ་དངོས་སུ་སྲོལ་རྒྱུན་དྲག་རྩལ་དང་འཕྲུལ་མིའི་ཞབས་བྲོ། སྐོར་བྲོ་སོགས་ཁྱད་ལྡན་ལུས་རྩལ་རྣམ་གྲངས་འཁྲབ་སྟོན་བྱས་ཏེ། དམངས་ཡོངས་ལུས་སྦྱོང་དང་ཚན་རྩལ་གསར་གཏོད། མི་རིགས་རིག་གནས་བཅས་མཉམ་འདྲེས་ཀྱི་ཐུན་མོང་མ་ཡིན་པའི་འགུག་ཤུགས་མངོན་པར་བྱས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མདའ་འཕེན་དང་ཆུ་རྐྱལ། རི་འཛེགས་སོགས་རིན་མེད་ཉམས་ཞིབ་རྣམ་གྲངས་དང་མཛེས་ལྗོངས་ཁུལ་གྱི་རྐང་ཐང་ལུས་སྦྱོང་འགྲན་སྡུར་གྱིས་མང་ཚོགས་དང་ཡུལ་སྐོར་པ་མང་པོའི་ཡིད་སེམས་བཀུག ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམ་སྟོན་དང་དམངས་ཡོངས་ལུས་སྦྱོང་རྣམ་གྲངས་གཅིག་བསྡུས་སྒོས་རོལ་མྱོང་བྱེད་པ་འདིས་ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། ཁམས་གསོ་བཅས་མཉམ་འདྲེས་ཟབ་མོ་བྱེད་པའི་གྲུབ་འབྲས་གང་ལེགས་སྒོས་མངོན་པར་བྱས་ཡོད།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱི་དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་ཉིན་རེར་འཐུས་ཚང་དུ་ཕྱིན་པ་དང་གནས་ཡུལ་གྱི་སྒྲིག་བཀོད་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བར་མ་ཟད། མང་ཚོགས་ཀྱི་འགྲན་སྡུར་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་སོང་ནས། དམངས་ཡོངས་ལུས་སྦྱོང་ལས་དོན་ཐད་འཕེལ་རྒྱས་ཆེན་པོ་བྱུང་། ཞིང་ཆེན་ཡོངས་ཀྱི་ལུས་རྩལ་སྡེ་ཁག་གིས་མ་འོངས་པའི་ལོ་ལྔའི་ལུས་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་འབེན་ལ་དམ་པོར་དམིགས་ནས། དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བ་དང་། དམངས་ཡོངས་ལུས་སྦྱོང་གི་གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་མཉམ་རང་བཞིན་དང་བཀོལ་སྤྱོད་རང་བཞིན་སྔར་ལས་ཇེ་མཐོར་བཏང་སྟེ། དམངས་ཡོངས་ལུས་སྦྱོང་དང་ལུས་སྦྱོང་བདེ་ཐང་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་།
ཞིང་ཆེན་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ལུས་རྩལ་སྡེ་ཁག་གིས་ཞིང་ཆེན་ལུས་རྩལ་འགྲན་སྡུར་སྐབས་བཅུ་དགུ་པ་དང་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་སྐབས་དྲུག་པ། མཚོ་སྔོན་གྱི་རིམ་འདས་མཉམ་འགྲན། རབ་མཛེས་མཚོ་སྔོན་གྱི་མཐོ་སྒང་གི་རྒྱང་རྒྱུག་སོགས་དཔེ་སྟོན་འགྲན་སྡུར་སྣེ་ཁྲིད་དུ་བྱས་ཏེ། མང་ཚོགས་ཀྱི་ལུས་རྩལ་འགྲན་སྡུར་དང་ཚན་རིག་དང་མཐུན་པའི་ལུས་སྦྱོང་མཛུབ་སྟོན། ལུས་སྦྱོང་རྣམ་གྲངས་འགྲེམ་སྟོན་བྱེད་སྒོ་སོགས་གཅིག་བསྡུས་སྒོས་སྤེལ་ནས། རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་རང་འགུལ་ངང་ལུས་སྦྱོང་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལུས་སྦྱོང་བྱེད་པར་སྐུལ་ཁྲིད་བྱས་པ་ཡིན་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།