
ཟླ8པའི་ཚེས7ཉིན། ‘དྭངས་གཙང་རྨ་ཆུ’མཚོ་ལྷོར་བསྐྱོད་ཅེས་པའི་སྐྱེ་ཁམས་ཞིན་ཧེ་ཡི་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་ཕྲེང་བསྟར་བྱེད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དུ་སྤེལ་འགོ་བརྩམས། བྱེད་སྒོ་ལས་མཚོ་ལྷོ་ཁུལ་གྱི“དྭངས་གཙང་རྨ་ཆུ”མཚོ་ལྷོར་བསྐྱོད་ཅེས་པའི་ས་ཁོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་ཕྲེང་བསྟར་བྱེད་སྒོ་དང་ལེན་བྱས་ཏེ། རྫོང་ཁོངས་ཀྱི་སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་དང་ཁྱད་ལྡན་རིག་གནས་ཀྱི་ནང་དོན། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དམངས་སྲོལ་ཁྱད་ཆོས་བཅས་ལ་གཞི་ཚུགས་ནས། ཁྱད་ལྡན་བྱེད་སྒོ་རིགས25བཀོད་སྒྲིག་བྱས་ཏེ། “རབ་མཛེས་མཚོ་སྔོན། གནས་མཆོག་མཚོ་ལྷོ། སྐྱེ་ཁམས་ཞིན་ཧེ”བཅས་ཀྱི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས། “དྭངས་གཙང་རྨ་ཆུའི”སྐྱེ་ཁམས་ཡུལ་སྐོར་རྒྱུད་མཐུན་སྦྱོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་རོགས་འདེགས་བྱས།
ཞིན་ཧེ་རྫོང་ནི་རྨ་ཆུའི་ཆུ་འགོའི་ལྟེ་བའི་སྐྱེ་ཁམས་སྲུང་ཡོལ་ཁུལ་དུ་གནས་ཡོད་པ་དང་། དེའི་ས་ཁོངས་ཡངས་ཤིང་རྒྱ་ཆེ་བ་དང་བོད་ཀྱི་རིག་གནས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་རྫོང་ཧ་ཅང་མཐུག བྱེད་སྒོ་ལས“སྐྱེ་ཁམས་ཞིན་ཧེ”ཡི་རང་བྱུང་རྣམ་པ་དང་། སྤྲེལ་རྫོང་གི་རི་ཆུའི་མཛེས་ལྗོངས། རང་ཡུལ་གྱི་དམངས་སྲོལ་རིག་གནས། གྲོང་གསེབ་དར་སྤེལ་གཏོང་བའི་འཛུགས་སྐྲུན་གྲུབ་འབྲས་སོགས་བརྗོད་བྱ་གཙོ་བོར་དམིགས་ཏེ། བརྙན་ལེན་བརྩམས་ཆོས་འགྲེམ་སྟོན་གཅིག་བསྡུས་ཀྱིས་སྤེལ་བ་དང་། བརྙན་མིག་ལ་བརྟེན་ནས་སྐྱེ་ཁམས་ཞིན་ཧེའི་མཛེས་ལྗོངས་ཀུན་གྱི་མིག་ལམ་དུ་མངོན་པར་བྱས་ལ། “སྐྱེ་ཁམས་ཞིན་ཧེ”ཡི་སྙན་གྲགས་དང་མཚན་སྙན་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག མཚོ་འཕགས་མཐོ་བའི་ས་བབ་ཀྱི་དགེ་མཚན་དང་བོད་སྨན་ཐོན་ཁུངས་ལ་གཞི་ཚུགས་ཏེ། བྱེད་སྒོ་སྤེལ་ཡུལ་དུ་དབྱིངས་ཞུགས་རྣམ་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་ཉམས་ལེན་འགྲེམ་ཁུལ་བཏོད་པ་དང་། ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་པ་རྒན་གྲས་གདན་དྲངས་ནས་ཡུལ་དངོས་སུ་སྨན་བཅོས་བྱས་ལ། རིན་མེད་ངང་འཕར་རྩ་བརྟག་དཔྱད་དང་སྨན་བཅོས་བྱེད་པ་དང་། བདེ་ཐང་དོགས་གཞིར་ལན་འདེབས་པ། བོད་ལུགས་གསོ་རིག་གི་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་སོགས་ཀྱི་དམངས་ཕན་ཞབས་ཞུ་རིན་མི་དགོས་པར་འདོན་སྤྲོད་བྱས། མཐོ་སྒང་གི་སྐམས་ཤ་དང་འབྲི་ཞོ། ནས་ཀྱི་ཐོན་རྫས་སོགས་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་དང་། རིག་གནས་ཡུལ་སྐོར་དང་རིག་གནས་གསར་གཏོད་གཉེར་སྐྱོང་བྱེད་པོ་གཙོ་བོ60ལྷག་རྩ་འཛུགས་བྱས་ཏེ། ཞིང་ཕྱུགས་རིག་གནས་ཡུལ་སྐོར་ཐོན་རྫས་གཅིག་སྡུད་འགྲེམ་སྟོན་བྱས་ལ། ཞིན་ཧེ་ཡི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་དང་ཁྱད་ལྡན་རིག་གནས་ཡུལ་སྐོར། རིག་གནས་གསར་གཏོད་ཀྱི་གྲུབ་འབྲས་གཅིག་སྡུད་ཀྱིས་མངོན་པར་བྱས་ནས། ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་དང་འོས་སྦྱོར་གྱི་ཐབས་ལམ་རྒྱ་ཆེར་བཏང་།
དེ་ལས་གཞན། བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་མང་བ་དང་ཁྱབ་རྒྱ་ཆེ་བའི་ལེགས་ཆར་བརྟེན་ནས། རྒྱུན་རྣམ་ཅན་གྱི་སྒོ་ནས་ཁྲིམས་སྐྱོང་ཚན་རིག་ཁྱབ་གདལ་དང་། ཁྱིམ་མཚེས་འཆམ་མཐུན་དང་དུས་བདེ་འཛུགས་སྐྲུན་གྱི་དྲིལ་བསྒྲགས་བྱ་བ་སྤེལ། གདན་ཞུ་ཞབས་ཞུའི་ས་ཚིགས་དུས་གཅིག་ཏུ་བསྐྲུན་ནས་ལས་གནས་འོས་སྦྱོར་དང་། ལས་མི་བཀོལ་བ་འབྲེལ་མཐུད་བྱེད་པ། སྲིད་ཇུས་སྒྲོག་འགྲེལ། ལས་འཚོལ་རོགས་སྐྱོར་སོགས་མང་ཚོགས་ཀྱི་ལས་ཞུགས་དོ་ཁུར་ནང་དོན་ལ་དམིགས་ནས་མཁོ་སྤྲོད་སྦྲེལ་མཐུད་དང་། སྲིད་ཇུས་གསལ་འགྲེལ། ལས་ཞུགས་རོགས་སྐྱོར་བཅས་བྱས།
ཤ་བོ་རིན་མཚོས་བསྒྱུར།