མཚོ་སྔོན་གྱི་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་སྤྱི་ཚོགས་རོགས་སྐྱོབ་ཀྱི“གསལ་ཐོ་གཉིས”བཟོས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ8པའི་ཚེས7ཉིན། ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་སློབ་གསོ་ཐིང་སོགས་ཐིང་དང་ཅུས་དྲུག་དང་མཉམ་དུ། 《མཚོ་སྔོན་ཞིང་ཆེན་གྱི་རིམ་དབྱེ་རིགས་དབྱེའི་རོགས་སྐྱོབ་རོགས་སྐྱོར་སྲིད་ཇུས་ཀྱི་གསལ་ཐོ》དཔར་འགྲེམ་བྱས་ཏེ། རིགས་ཆེན་པོ་བརྒྱད་ཀྱི་རོགས་སྐྱོབ་རྣམ་གྲངས55མ་ལག་གཅིག་སྡུད་བྱས་ནས། རོགས་སྐྱོབ་རིགས་དང་ཆོག་འཐུས་ཆ་རྐྱེན། འགྲོ་ལུགས་བརྒྱུད་རིམ། འགན་སྲུང་ཚད་གཞི། སྲིད་ཇུས་ཀྱི་གཞི་འཛིན་ས། དེ་བཞིན་འགན་འཁྲིའི་ལས་ཁུངས་བཅས་རྣམ་གྲངས་རེ་རེ་བཞིན་ཁ་གསལ་བཟོས་པར་མ་ཟད། གྲོང་ཁྱེར་དང་ཁུལ་གྱི་ཁྱད་པར་ཅན་གྱི་ཁ་གསབ་ཚད་གཞི་དང་ཞིང་ཆེན་བརྒལ་བའི་འགྲོ་ལུགས་སྒྲུབ་པའི་ཞབས་ཞུ་སོགས་ཀྱི་ཁྱད་ལྡན་བྱེད་ཐབས་དུས་གཅིག་ཏུ་བཀོད་དེ། རོགས་སྐྱོབ་སྲིད་ཇུས་ཁ་ཐོར་དུ་གནས་པ་དང་འདྲི་རྩད་སྟབས་བདེ་མིན་པ། ཚད་གཞི་གསལ་བོ་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས། སྡེ་ཁག་གཞོགས་འདེགས་ཀྱི་སྲིད་ཇུས་སྣེ་ཁྲིད་མ་ལག་གྲུབ་པར་བྱས།

འགུལ་མེད་རྣམ་པའི“སྲིད་ཇུས་གསལ་ཐོ”དེ་མང་ཚོགས་ཀྱིས་ཚོར་ཐུབ་པའི་རོགས་སྐྱོར་གྱི་ཕན་འབྲས་དངོས་སུ་འགྱུར་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་ཡོངས་སུ་དཀའ་ངལ་ཡོད་པའི་མང་ཚོགས་ཁྱིམ་ཚང་རེ་ལ“བདེ་སྐྱིད་གསལ་ཐོ”རེ་ཁྱབ་གདལ་བཏང་ཡོད། ཞིང་ཆེན་གྱི་ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་རོགས་སྐྱོར་ཆ་འཕྲིན་ཁག་ཕྱོགས་བསྡུས་བྱས་ཏེ། ཆེད་གཏོགས་གསལ་ཐོ་རང་འགུལ་ངང་བཟོས་ནས། མ་མཐའི་འཚོ་བའི་འགན་སྲུང་དང་སྨན་བཅོས་རོགས་སྐྱོབ། ཉེན་ཁང་བསྒྱུར་བཀོད། ལས་ཞུགས་རོགས་སྐྱོར། འཕྲལ་བསྟུན་རོགས་སྐྱོབ། དཀའ་ངལ་ཡོད་པའི་བྱིས་པའི་ཁ་གསབ་རོགས་དངུལ། དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་སོགས་རོགས་སྐྱོར་རྣམ་གྲངས་ཁག30དང་། ཁ་གསབ་རོགས་དངུལ་ཐེངས་གྲངས། མ་དངུལ་གཤམ་སྤྲོད་ཀྱི་གསལ་ཐོ་བཅས་ཞིབ་མོ་བཟོས། ཞང་དང་གྲོང་རྡལ། སྲང་ལམ་བཅས་ཀྱི་གཉེར་སྒྲུབ་མི་སྣས་སྒོ་ཁར་ཡོང་ནས་སྤྱི་བསྒྲགས་སྦྱར་བ་དང་ཡུལ་དངོས་སུ་སྒྲོག་འགྲེལ་བྱས་ཏེ། སྲིད་ཇུས་ཀྱི་ཆ་རྐྱེན་དང་རེ་ཞུའི་བརྒྱུད་རིམ། འགན་སྲུང་ཐོབ་ཐང་བཅས་དོན་ཚན་རེ་རེ་བཞིན་གསལ་འགྲེལ་བྱས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ཁ་ཐོར་དུ་འཚོ་སྐྱོང་བྱེད་པའི་ཁྱིམ་ཚང་ཆིག་འབུམ་བདུན་ཁྲི་ལྔ་སྟོང་བདུན་བརྒྱ་ལ“བདེ་སྐྱིད་གསལ་ཐོ”འབྱོར་ཡོད།

མིག་སྔར་ཞིང་ཆེན་དམངས་སྲིད་ཐིང་གིས་ས་གནས་སོ་སོས“སྲིད་ཇུས་གསལ་ཐོ”དང“བདེ་སྐྱིད་གསལ་ཐོའི”ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འཐུས་ཚང་དུ་གཏོང་བ། “ཁྱིམ་ཚང་རེར་ཐབས་ཇུས་གཅིག”གི་གནད་འཁེལ་རོགས་སྐྱོར་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས། གཞི་རྩའི་དམངས་འཚོ་འགན་སྲུང་གི་བདེ་འཇགས་དྲ་བ་རྒྱུན་ཆད་མེད་པར་བརྟན་པོ་བཟོ་རྒྱུར་མཛུབ་སྟོན་བྱེད་བཞིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།