མཚོ་སྔོན་མེ་ཟོན་གྱིས་ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་བཏང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཡུལ་སྐོར་བ་མང་བའི་དུས་ཚིགས་ནས་བཟུང་། མཚོ་སྔོན་གྱི་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་དང་དམངས་སྲོལ་མགྲོན་ཁང་། ཚོང་ལས་ཁྲོམ་གཞུང་གི་འགྲུལ་པ་ཇེ་མང་དུ་ཕྱིན་པ་དང་། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་སྔོན་འགོག་ཚོད་འཛིན་གྱི་གནོན་ཤུགས་ཆེས་ཆེར་འཕར་ཡོད། ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་གནད་འཁེལ་བཀོད་སྒྲིག་བྱས་ཏེ། མི་སྣ་འདུ་འཛི་ཆེ་བའི་ཡུལ་སྐོར་བྱ་ཡུལ་ལ་དམིགས་ནས། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་མེ་ཟོན་དྲིལ་བསྒྲགས་བྱ་བ་ཁྱོན་ཡོངས་ནས་སྤེལ་ཏེ། ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས།

ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་མི་སྣ་འགྲོ་འོང་ཆེ་བ་དང་མི་སྣ་འདུ་འཛི་ཆེ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མེ་ཟོན་སྡེ་ཁག་གིས་མེ་སྐྱོན་གྱི་ཉེན་ཁར་ཞིབ་འཇུག་དང་བརྡར་གཅོད་གནད་ལ་འཁེལ་བ་བྱས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས། མཚོ་ཤར་མེ་ཟོན་གྱིས་མཛེས་ལྗོངས་ཁུལ་དང་། རིག་གནས་སྲུང་སྐྱོབ་འཛུགས་སྐྲུན་གྱི་མེ་ཟོན་སྒྲིག་བཀོད་དང་ཆུ་ཁུངས། འཁོར་ལམ་བཅས་ཀྱི་གནས་ཚུལ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་པ་དང་། མེ་དང་གློག་སྤྱོད་པ་དང་། འབར་སླ་བ་དང་གས་སླ་བའི་དངོས་རྫས་འཇོག་པ་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་ནན་མོ་བྱས། ཟི་ལིང་གི་མེ་ཟོན་གྱིས་ཚོང་ར་དང་། དྲ་གྲགས་སྲང་ལམ། དམངས་སྲོལ་མགྲོན་ཁང་བཅས་ལ་དམིགས་ནས་ཞིབ་བཤེར་བྱས་པ་དང་། ཇ་མའི་སོལ་རླངས་བེད་སྤྱོད་དང་། སྣུམ་གྱི་དུ་བའི་སྦུག་ལམ་གཙང་བཤེར། མེ་ཟོན་ཚོད་འཛིན་ཁང་གི་ལས་རེས་སོགས་འགག་རྩའི་རིམ་པར་ཞིབ་བཤེར་ནན་མོ་བྱས་ཏེ་འབྱུང་རྩ་ནས་མེ་སྐྱོན་སྔོན་འགོག་བྱས། མཚོ་ནུབ་མེ་ཟོན་གྱིས་སྡེ་ཁག་མང་པོ་མཉམ་འབྲེལ་བྱས་ཏེ་ཁྲིམས་འཛིན་བྱ་བ་སྤེལ་བ་དང་། མེ་ཟོན་བདེ་འཇགས་དེ་ཡུལ་སྐོར་ལས་རིགས་ཀྱི་ཡིད་རྟོན་གདེང་འཇོག་ནང་འཇུག་རྒྱུ་གསར་གཏོད་བྱས་ནས། སྣ་མང་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཆེ་རུ་བཏང་།

མངོན་མེད་རྐྱེན་ངན་བཅོས་སྒྲིག་ཐད། ཞིང་ཆེན་ཡོངས་ཀྱི་མེ་ཟོན་སྡེ་ཁག་གིས་གདུབ་ཟུམ་དོ་དམ་ཚོད་འཛིན་བྱེད་སྟངས་དོན་འཁྱོལ་བྱས་ཏེ། ཡུལ་དངོས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བཅོས་སྒྲིག་བྱས་ནས་གཉེར་སྐྱོང་བྱེད་པོའི་འགན་འཁྲི་གཟབ་ནན་དུ་བཏང་། མཚོ་བྱང་མེ་ཟོན་གྱིས་མངོན་མེད་རྐྱེན་ངན་གྱི་འགུལ་རྣམ་གཙང་སེལ་ལམ་སྲོལ་བཙུགས་ཏེ། དུས་བཀག་ལྟར་གྲལ་བཤེར་དང་སྐབས་བསྟུན་འཐེན་བཤེར་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་ཉེན་ཁ་སེལ་བར་བྱས། རྨ་ལྷོའི་མེ་ཟོན་གྱིས་དམངས་སྲོལ་མགྲོན་ཁང་དང་བཟའ་བཏུང་ཚོང་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་ནས། མེ་དང་སོལ་རླངས་སྤྱོད་པའི་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱས། མགོ་ལོག་མེ་ཟོན་གྱིས་སྒྲིག་འགལ་ངང་མེ་སྤྱོད་པ་དང་ཁྱིམ་ཚང་དུ་གློག་སྒུལ་འཕྲུལ་རྟར་གློག་གསོག་པ་སོགས་ཀྱི་གཙོ་གནད་གནད་དོན་བཅོས་སྒྲིག་བྱས་ཏེ། མེ་ཟོན་ས་ཚིགས་ཆུང་གྲས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་རྒྱུར་མཛུབ་སྟོན་བྱས་ནས། རང་བདག་གནོད་འགོག་ནུས་པ་མཐོ་རུ་བཏང་། 

དེ་དང་ཆབས་ཅིག ས་གནས་སོ་སོས་དུས་གཅིག་ཏུ་ལངས་གཟུགས་ཅན་གྱི་མེ་ཟོན་དྲིལ་བསྒྲགས་གསོ་སྦྱོང་བྱས། མཛེས་ལྗོངས་ཁུལ་གྱི་ཚན་རྩལ་ཁྱབ་གདལ་སྒྲོག་འགྲེལ་དང་། དངོས་འཐབ་སྦྱོང་བརྡར། དཔེ་མཚོན་གྱོད་དཔེ་འགྲེལ་བཤད། ཚོང་རའི་འཆར་ངོས་ཆེན་པོའི་སྟེང་གི་དྲན་སྐུལ། དྲ་ཐོག་ཚན་རྩལ་ཁྱབ་གདལ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས། རིག་གནས་ཡུལ་སྐོར་ལས་གཉེར་བ་དང་ཡུལ་སྐོར་བར་མེ་ཟོན་དང་། ཐོག་མའི་མེ་གསོད་མི་སྐྱོབ་དང་དེ་མིན་འཕྲལ་བསྟུན་ཁ་འགྲེམས་ཤེས་བྱ་ཁྱབ་གདལ་དུ་བཏང་། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ལས་གཉེར་མི་སྣའི་འཕྲལ་བསྟུན་རང་སྐྱོབ་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས་རིག་གནས་ཡུལ་སྐོར་ཁྱབ་ཁོངས་ཀྱི་མེ་ཟོན་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན།

ཤ་བོ་རིན་མཚོས་བསྒྱུར།