
ཉེ་ཆར། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་རྒྱུན་མཐུད་ངང་ཟབ་སྤེལ་བྱས་ཏེ། ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་རྒྱུན་ཆད་མེད་པར་གསབ་པ་དང་། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་རིགས་སོ་སོའི་ལུས་རྩལ་ར་བའི་སྤྱི་འབོར8095ཟིན་པ་དང་སྤྱིའི་རྒྱ་ཁྱོན་རིམ་རྩིས་བྱས་ན་སྨི་གྲུ་བཞི་མ་ས་ཡ་གསུམ་འབུམ་གསུམ་ཁྲི་བཞི་སྟོང་བཞི་ལྔ་བརྒྱ་ཟིན་པ་དང་། མི་རེའི་ཆ་སྙོམས་ཀྱི་ལུས་རྩལ་ར་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་གཉིས་གྲངས་ཆུང་ལྔ་བཞི་ཟིན་ཡོད་པ་རེད། མིག་སྔར། མཚོ་ཤར་གྲོང་ཁྱེར་གྱི་ལུས་རྩལ་རྨང་གཞིའི་སྒྲིག་བཀོད་ཡོད་ཚད་བརྟན་པོའི་ངང་འཕར་བ་དང་། སྤྱི་པའི་ལུས་རྩལ་ཐོན་ཁུངས་མཁོ་སྤྲོད་བྱེད་པའི་སྤུས་ཚད་དང་ཕན་འབྲས་གཉིས་ཀ་འཕར་ཡོད།
མང་ཚོགས་ཀྱི་ལུས་རྩལ་དགའ་ཕྱོགས་ལ་གཞི་ཚུགས་ཏེ། མཚོ་ཤར་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཅན་དང་། ཀུན་ཕན་ཅན། སྣ་མང་ཅན་བཅས་ཀྱི་ལུས་རྩལ་རྣམ་པ་གཏོད་ཡོད། གྲོང་ཁྱེར་ཡོངས་སུ་སྤོ་ལོའི་རིགས་སྣ་ཚོགས་ཀྱི་ར་བ4639ཡོད་པ་དང་། གཙོ་རྒྱུག་ལུས་སྦྱོང་སྒྲིག་བཀོད་རིགས་གསུམ་པས་ར་བ་ཡོངས་ཀྱི90%ཡན་ཟིན་ཡོད་ཅིང་། མང་ཚོགས་ཀྱི་སྤྲོ་གསེང་ལུས་སྦྱོང་དང་ཆེད་ལས་རྩལ་འགྲན་ལུས་རྩལ་གྱི་དགོས་མཁོ་བསྐངས་ཡོད་ལ། དྲ་གྲུག་ར་བ་དང་། སྒོ་གྲུག་ར་བ། སྟེགས་གྲུག་ར་བ་སོགས་མང་ཚོགས་ཉུང་བའི་སྤོ་ལོའི་ར་བ་ཆ་སྒྲིག་འཛུགས་སྐྲུན་ཡང་བྱས་ཡོད་པས། ལུས་རྩལ་གྱི་རིགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཕྱོགས་ཡོངས་ནས་མང་ཚོགས་ཀྱི་ལུས་སྦྱོང་མྱོང་ཚོར་མཐོར་འདེགས་བཏང་ཡོད།
གཞན་ཡང་། མཚོ་ཤར་གྲོང་ཁྱེར་གྱིས་རི་ཁུལ་གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ཚད་ལྡན་ཅན་གྱི་གངས་ཤུད་ར་བ་གསུམ་བསྐྲུན་ཏེ། དུས་བཞིའི་ལུས་སྦྱོང་ལས་རྣམ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། མ་འོངས་པར། མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལུས་རྩལ་སྒྲིག་བཀོད་ཀྱི་བར་སྟོང་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ནས། "སྐར་མ15ཡི་ལུས་སྦྱོང་བྱ་ཡུལ"ནུས་པ་དང་ལས་རྣམ་འཐུས་སྒོ་ཇེ་ཚང་དུ་བཏང་ནས། གངས་འཁྱགས་དང་ཆུ་རྐྱལ་སོགས་ཁྱད་ལྡན་ཆེད་དོན་ས་ཆ་རིམ་སྤོར་བྱས་ཏེ། སྤྱི་པའི་ལུས་རྩལ་ས་ཆ་གོང་བདེ་མོ་དང་རིན་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། ལུས་རྩལ་ཐོན་ཁུངས་རྒྱུན་མཐུད་ངང་སྐུལ་སློང་དང་། ལུས་རྩལ་གསོན་ཤུགས་འདོན་སྤེལ་བྱས་ནས། སྟོབས་ཤུགས་ཡོད་རྒུས་བདེ་ཐང་མཚོ་ཤར་འཛུགས་སྐྲུན་བྱེད་པ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།