
ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་བརྗོད་དོན་གཙོ་བོའི་མཚོ་ཤར་གྲོང་ཁྱེར་གྱི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། མཚོ་ཤར་གྲོང་ཁྱེར་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྤྱིའི་སྡོམ་འབོར་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་ལྔ་འཕར་བའི་འཕེལ་རྒྱས་དམིགས་འབེན་གཏན་འཁེལ་བྱས་ལ། སྔར་ལས་ཆེ་བ་བདུན་གྱི་སྤྱིའི་འཕེལ་རྒྱས་མདུན་ལྗོངས་ལ་དམིགས་ནས་ཆེད་དོན་མཐོར་འདེགས་བྱ་སྤྱོད་ཆེན་པོ་བདུན་བཀོད་སྒྲིག་བྱས་ཏེ་མཚོ་ཤར་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ནང་གནས་སྒུལ་ཤུགས་ཕྱོགས་ཡོངས་ནས་བསྐྱེད།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། མཚོ་ཤར་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ལ། བླང་བྱ་གལ་ཆེན་དང་འཕེལ་རྒྱས་ངེས་གནས་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་པར་མ་ཟད། འགག་སྒྲོལ་དཀའ་སེལ་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཤིང་། ས་གནས་ཐོན་སྐྱེད་རིན་ཐང་སྤྱིའི་སྡོམ་འབོར་སྒོར་ཐེར་ཆེན་དྲུག་ལས་བརྒལ་བ་དང་མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཚད་དེ་བརྒྱ་ཆའི་གོ་གསུམ་ཡན་སྲུང་འཛིན་བྱས་ལ། རྒྱུད་འདྲེས་ལོག་དཀར་གྱི་འདེབས་འཛུགས་ཚད་ཀྱིས་བྱང་ཕྱོགས་ཀྱི་དཔྱིད་དུས་ལོག་དཀར་འདེབས་འཛུགས་ཁུལ་གྱི་བརྒྱ་ཆའི་གྱ་ལྔ་ཟིན་པ་དང་། མཚོ་སྔོན་གྱི་ཞོག་ཁོག་ཨང་རྟགས་དགུ་པའི་ཁྱབ་གདལ་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས། འཐེན་ཁུག་ཐོན་ལས་ཀྱིས་མི་འབུམ་གཅིག་དང་ཁྲི་བདུན་ལས་ཞུགས་བྱེད་དུ་བཅུག་པ་དང་། ཅི་ཧྲི་རི་བོའི་གནོད་རྗེས་བསྐྱར་བསྐྲུན་ཐད་ལོ་དེར་ལས་འགོ་རྩོམ་པ་དང་ལོ་དེར་འཛུགས་སྐྲུན་བྱེད་པ། ལོ་དེར་བེད་སྤྱོད་བྱེད་པ་བཅས་མངོན་འགྱུར་བྱུང་ཞིང་། འཕྲལ་བསྟུན་རྒྱང་སྒྲོག་ཞབས་ཞུའི་ཞོད་འགོག་གནོད་སྐྱོབ་ཀྱི“དཔའ་ལུང་གི་ཉམས་མྱོང”དེ་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཕུལ་བྱུང་དཔེ་མཚོན་ཁྲོད་དུ་བཞག
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་ས་གནས་ཐོན་སྐྱེད་རིན་ཐང་སྤྱིའི་སྡོམ་འབོར་དེ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་ལྔ་འཕར་བའི་དམིགས་འབེན་གཙོ་བོར་དམིགས་ནས། མཚོ་ཤར་གྲོང་ཁྱེར་གྱིས2035ལོར་སླེབས་སྐབས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་གཞི་སྔར་ལས་མཐོ་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་སྔར་ལས་མཐོ་བ། མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་སྔར་ལས་བཟང་བ། མཁར་གྲོང་མཉམ་འདྲེས་ཆུ་ཚད་སྔར་ལས་ལེགས་པ། བཅོས་སྒྱུར་སྒོ་འབྱེད་ཀྱི་ཕན་འབྲས་སྔར་ལས་ཆེ་བ། གསར་གཏོད་སྐུལ་འདེད་ཀྱི་ནུས་པ་སྔར་ལས་ཆེ་བ། སྤྱི་ཚགས་བཅོས་སྐྱོང་གི་ཕན་ནུས་སྔར་ལས་ཆེ་བ་བཅས“སྔར་ལས་ཆེ་བ་བདུན”གྱི་སྤྱིའི་འཕེལ་རྒྱས་མདུན་ལྗོངས་ལ་དམ་དུ་དམིགས་ཏེ་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་བྱ་སྤྱོད་ལག་བསྟར་བྱས་ནས་མཚོ་སྔོན་གྱི་ཤར་སྒོ་ཆེན་མོའི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོར་བསྐྲུན་དགོས། དེང་རབས་ཐོན་ལས་གཅིག་བསྡུས་རིམ་སྤོར་བྱ་སྤྱོད་ལག་བསྟར་བྱས་ནས་འགྲན་རྩོད་ནུས་ཤུགས་ཆེ་བའི་དེང་རབས་ཅན་ཐོན་ལས་བསྐྲུན་དགོས། མཁར་གྲོང་གཅིག་འདོམས་མཐུན་སྦྱོར་འཕེལ་རྒྱས་བྱ་སྤྱོད་ལག་བསྟར་ལག་བསྟར་བྱས་ནས་ལན་ཀྲི་དང་ཟི་ལིང་གི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་། ཟི་ལིང་དང་མཚོ་ཤར་གྱི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་གཅིག་གྱུར་ཅན་གྱི་འཛུགས་སྐྲུན་ཁྲོད་སིམ་འདྲེས་ཡོང་བར་བྱེད་དགོས། བདེ་སྡོད་ལས་བརྩོན་དང་མཉམ་བསྐྲུན་མཉམ་བཅོས་ཀྱི་བྱ་སྤྱོད་ལག་བསྟར་བྱས་ཏེ་དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་ཀྱིས་སྔར་ལས་མང་པོ་དང་སྔར་ལས་དྲང་གཞག་སྒོས་གྲོང་ཁྱེར་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ལ་ཕན་འདོགས་དགོས། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྒྱུན་ཆད་མེད་པར་གྲོང་ཁྱེར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་པོ་བསྐྲུན་དགོས། ཚན་རྩལ་གསར་གཏོད་ནུས་བསྩོལ་འདེགས་སྐྱོར་བྱ་སྤྱོད་ལག་བསྟར་བྱས་ནས་ཐོན་སློབ་ཞིབ་གསུམ་དང་བེད་སྤྱོད་བཅས་གཅིག་གྱུར་འཕེལ་རྒྱས་དང་གསར་གཏོད་གྲུབ་འབྲས་རིམ་སྤོར་ལས་དོན་གཏིང་ཟབ་ཏུ་སྤེལ་དགོས། སྤྱི་ཚོགས་བཅོས་སྐྱོང་ཐད་ཀྱི་སྤུས་འདེགས་ཕན་སྐྱེད་བྱ་སྤྱོད་ལག་བསྟར་བྱས་ནས་བདེ་འཇགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་གྱི་མཚོ་ཤར་འཛུགས་སྐྲུན་བྱེད་དགོས།
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། ས་གནས་དང་ཐོན་ལས། སྐྱེ་ཁམས། རིག་གནས་བཅས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་ལ་བརྟེན་ནས་མཚོ་ཤར་གྲོང་ཁྱེར་གྱིས་ད་རུང་ཁྱད་ལྡན་འཕེལ་རྒྱས་ཟོང་རྟགས་ལྔ་བསྐྲུན་རྒྱུ་ཡིན་པ་དང་། ཁྱད་ལྡན་ངལ་ལས་སྤུས་རྟགས་སྟོབས་ཆེར་གཏོང་བ་སོགས་བྱས་ནས་རྨ་ཙོང་རིག་གནས་ཀྱི་མིང་གྲགས་ཆེ་རུ་གཏོང་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།