མཚོ་ཤར་གྲོང་ཁྱེར་གྱི་སྨན་བཅོས་ལས་ཁུངས86ལ་ཀྲུང་ལུགས་དང་བོད་སོག་གསོ་རིག་གི་སྨན་བཅོས་འགན་སྲུང་རྩིས་སྤྲོད་དབང་ཆ་ཐོབ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

​ཟླ8པའི་ཚེས10ཉིན་བར་དུ། མཚོ་ཤར་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཀྲུང་ལུགས་དང་བོད་སོག་སྨན་ཁང་གི་ཞག་སྡོད་མི་དགོས་པའི་ནད་ཁང་གི་སྨན་བཅོས་འགན་བཅོལ་རྩིས་རྒྱག་ཐོ་འགོད་ཞིབ་བཤེར་སྤྱི་བསྒྲགས་ལས་དོན་ཁག་དང་པོ་ལེགས་འགྲུབ་བྱུང་ཞིང་། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་ལས་ཁུངས86ལ་འབྲེལ་ཡོད་ཞབས་ཞུའི་དབང་ཆ་ཐོབ་སྟེ། ཀྲུང་ལུགས་དང་བོད་སོག་གསོ་རིག་གིས་དམངས་ཕན་སྨན་བཅོས་འགན་བཅོལ་སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་།

ཐེངས་འདིའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ནི་མང་ཚོགས་ཀྱི་རྒྱུན་མཐོང་དང་བྱུང་ཚད་མང་བ། གཅོང་ནད་བཅོས་ཐབས་བཅས་ཀྱི་དགོས་མཁོར་དམིགས་ཏེ། ཐོག་མར་རྐེད་པ་ན་བ་དང་། སྐེ་ཚིགས་ན་བ། གདོང་རྩ་ཞ་བ། དཔུང་ཚིགས་གཉན་ཚད། ཆུ་བུར་ཅན་གྱི་པགས་ནད། རུས་གཟེར་བཅས་རིགས་དྲུག་སྨན་དཔྱད་ཕན་འབྲས་ཆེ་བའི་ནད་རིགས་རྣམས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་ཁང་དུ་སྡོད་མི་དགོས་པའི་ནད་ཁང་གི་སྨན་བཅོས་འགན་བཅོལ་རྩིས་རྒྱག་ཁྱབ་ཁོངས་སུ་བཅུག་ནས་མང་ཚོགས་ཀྱི་རྒྱུན་ལྡན་སྨན་བཅོས་ཀྱི་དཀའ་ངལ་སེལ་རྒྱུར་དམིགས་པ་རེད།

སྨན་བཅོས་འགན་བཅོལ་རྩིས་རྒྱག་སྐོར་གྱི་སྲིད་ཇུས་ནང་སྟབས་བདེ་རང་བཞིན་དང་ཆེད་ལས་རང་བཞིན་གཉིས་ཀ་ཚུད་ཡོད་དེ། གཏན་འབེབས་ལྟར་ན། ཀྲུང་ལུགས་དང་བོད་སོག་གསོ་རིག་གི་སྨན་ཁང་དུ་ཞག་སྡོད་བྱེད་མི་དགོས་པའི་ནད་ཁང་གི་འགྲོ་གྲོན་སྤྱིར་བཏང་གི་ཞག་སྡོད་སྲིད་ཇུས་གཞིར་བཟུང་སྟེ་རྩིས་རྒྱག་པ་དང་། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྣའི་ལོ་རེའི་ཞག་སྡོད་འགྲོ་གྲོན་ཁྲོད་བརྩི་རྒྱུ་རེད། སྡོམ་རྩིས་ཀྱི་དུས་ཚོད་ནང་། ཁྱོན་ཡོངས་ནས་ཉལ་ཁྲི་རིན་མེད་ཡིན་པ་དང་། བདག་སྐྱོང་གླ་ཆ་རིམ་པ་གསུམ་པའི་ཚད་གཞི་ལས་བརྒྱ་ཆ་ལྔ་བཅུ་བསྡུ་ལེན་བྱེད་རྒྱུ་ཡིན་པས། མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་བཏང་ཡོད། དེ་དང་མཉམ་དུ། སྲིད་ཇུས་ནང་དུ་སྨན་བཅོས་བརྒྱུད་རིམ་ཁྲོད། ཀྲུང་ལུགས་དང་བོད་སོག་གསོ་རིག་གི་འགྲོ་གྲོན་དང་སྤྱིའི་སྨན་བཅོས་འགྲོ་གྲོན་གྱི་བརྒྱ་ཆ70ལས་མི་དམའ་བའི་བླང་བྱ་ནན་མོ་བཏོན་ཏེ། མི་རིགས་གསོ་རིག་གི་ཁྱད་ཆོས་ལ་སྲུང་སྐྱོབ་དང་། ས་གནས་ཀྱི་ཀྲུང་ལུགས་དང་བོད་སོག་གསོ་རིག་གི་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། 

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།