མཚོ་སྔོན་གྱི་མིང་གྲགས་ཆེ་ཞིང་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་རིམ་པའི་ཚོང་རྟགས་ལ་རྒྱལ་ཡོངས་ཀྱི་སྐོར་སྐྱོད་ཞིབ་བཤེར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ།
ཁུངས། ཀློག་གྲངས།

ཟླ8པའི་ཚེས4ནས་ཚེས6ཉིན་བར། རྒྱལ་ཡོངས་ཀྱི་མིང་གྲགས་ཆེ་ཞིང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་སྐོར་ཞིབ་ཚན་ཆུང་བཞི་བས་མཚོ་སྔོན་དུ་རྟོག་ཞིབ་མཛུབ་སྟོན་བྱ་བ་སྤེལ་བ་དང་། མཚོ་སྔོན་གྱི་མིང་གྲགས་ཆེ་ཞིང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་སྔོན་འདོན་དང་གསོ་སྐྱོང་། གཙོ་སྐྱོང་དང་རོགས་སྐྱོར། ཚོང་རྟགས་གསར་གཏོད་སོགས་ཕྱོགས་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པར་ཁས་ལེན་གནང་བ་དང་། རྒྱལ་ཡོངས་ཀྱི་སྐོར་སྐྱོད་ཞིབ་བཤེར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ།

རྟོག་ཞིབ་རྒྱུད་རིམ་ཁྲོད། རྒྱལ་ཁབ་ཀྱི་མིང་གྲགས་ཆེ་ཞིང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་དོ་དམ་ཚད་གཞི་དང་བྱ་བའི་བླང་བྱ་གསར་བ་དང་ཟུང་འབྲེལ་སྒོས། ད་ལྟའི་ཚོང་རྟགས་དྲིལ་སྒྲོག་དང་ཞིབ་ཚགས་རང་བཞིན་གྱི་དོ་དམ་སོགས་ཐད་ཀྱི་མི་འདང་སར་གནད་ཁེལ་རྒྱུས་ལོན་བྱས་པ་དང་དོགས་གཞི་སེལ་ནས་སྤྱོད་རུང་སྤྱོད་འཐུས་ཀྱི་ལེགས་སྒྱུར་བསམ་འཆར་རིམ་པར་བཏོན་ནས་རང་རེའི་ཞིང་ཆེན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཚོང་རྟགས་ཅན་དང་ཚད་གཞི་ཅན་གྱི་འཕེལ་རྒྱས་ཁ་ཕྱོགས་གསལ་སྟོན་བྱས།

ཉེ་བའི་ལོ་ཤས་རིང་ལ། རང་རེའི་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་གནས་བསྐྲུན་པར་རྐང་བཙུགས་ནས་མིང་གྲགས་ཆེ་ཞིང་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་གསོ་སྐྱོང་དང་ངོས་འཛིན། ལྟ་སྐུལ་དོ་དམ། རྒྱ་ཁྱབ་ཏུ་གཏོང་བ་བཅས་ཀྱི་མ་ལག་ཧྲིལ་བོ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་། ད་ལྟའི་བར་དུ་རྒྱལ་ཡོངས་ཀྱི་མིང་གྲགས་ཆེ་ཞིང་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་གོ་བརྒྱད་ཡར་ཞུ་བྱས་པའི་ཁྲོད་འདེབས་འཛུགས་ལས་རིགས་སོ་བདུན་དང་ཞིང་ཕྱུགས་ལས་རིགས་དྲུག་ཅུ། ཉ་ལས་རིགས་གཅིག་བཅས་ཡོད་དེ། ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་བོར་ཁྱབ་ཡོད། ཐོན་སྐྱེད་གཉེར་སྐྱོང་ལས་ཁུངས266ལ་མཚོན་རྟགས་བེད་སྤྱོད་ཀྱི་དབང་ཆ་སྤྲད་པ་དང་། མདོ་ལའི་བོད་ལུག་དང་ཡུས་ཧྲུའུ་ནོར་གནག་གི་ཐོན་རྫས་གཉིས་ཞིང་ལས་ཞིང་སྡེ་པུའུ་ཡི་ཞིང་ལས་ཚོང་རྟགས་ལེགས་ཤས་གསོ་སྐྱོང་འཆར་གཞིའི་ཁྲོད་བདམས།

མི་ཕམ་གྱིས་བསྒྱུར།