གཙན་ཚའི་མི་དམངས་ཉེན་རྟོག་པས་ཆུ་ལོག་འདམ་རུད་ཁྲོད་དཀའ་ངལ་དང་འཕྲད་པའི་ཡུལ་སྐོར་བ13བསྐྱབས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ8པའི་ཚེས10ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙན་ཚ་རྫོང་དུ་དྲག་ཆར་བབས་ཏེ། རྒྱལ་ལམ310གི་སྔོ་རྒྱའི་འགག་ནས་ཁམས་ར་བར་གྱི་གཞུང་ལམ་གྱི་བན་འཇགས་སྡེ་བའི་ལམ་རྒྱུད་དུ་འདམ་རིད་བྱུང་སྟེ། འདམ་དང་རྡོ་ཟེགས་ཀྱིས་ལམ་བཅད་པས་ཡུལ་སྐོར་བ13ཉེན་ཁར་འཕྲད། ཁམས་ར་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མཚན་གང་བོར་མྱུར་སྐྱོབ་བྱས་པར་བརྟེན། དཀའ་ངལ་དང་འཕྲད་པའི་མི་སྣ་བདེ་བླག་ངང་ཉེན་ཁ་ལས་ཐར་བར་མ་ཟད། མི་གཅིག་ལའང་རྨས་ཕོག་མེད།

དགོང་མོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་། བསྟུན་མུར་ཆར་པ་ཆེན་པོ་བབས་ནས་རི་ངོས་ལ་ཆུ་ལོག་བརྒྱུག་སྟེ་འདམ་རུད་བྱུང་བས་ལམ་ཡོངས་སུ་ཆད་པར་གྱུར། རླངས་འཁོར་གསུམ་ལམ་དེར་སླེབས་སྐབས་མདུན་རྒྱབ་གང་དུ་འགྲོ་མི་ཐུབ་པར་གྱུར་ཅིང་། དེའི་ནང་གི་རླངས་འཁོར་གཅིག་འདམ་རྫབ་ཁྲོད་ལྷུང་བ་དང་། རི་ངོས་ནས་རྡོ་རིལ་རྒྱུན་ཆད་མེད་པར་ལྷུང་བཞིན་ཡོད་པས་ཡང་བསྐྱར་རྡིབ་སྐྱོན་འབྱུང་ཉེན་ཆེ། དེར་ལུས་པའི་ཡུལ་སྐོར་བ་ཚོས་འཕྲལ་དུ་ཉེན་རྟོག་པ་ལ་རོགས་སྐྱོར་རེ་ཞུས་བྱས། གནས་ཚུལ་དེ་འབྱོར་རྗེས་ཁམས་ར་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་རྣམས་ཀྱིས་རོགས་སྐྱོབ་ཡོ་བྱད་ཁྱེར་ནས་མྱུར་དུ་ཡུལ་དངོས་སུ་བསྐྱོད་དེ་རོགས་སྐྱོབ་བྱས།

དགོང་མོའི་ཆུ་ཚོད་བཅུ་ཙམ་ལ་རོགས་སྐྱོབ་མི་སྣ་ཡུལ་དངོས་སུ་འབྱོར། མི་དམངས་ཉེན་རྟོག་པ་དག་གིས་ཚོ་ཆུང་གཉིས་སུ་བགོས་ནས། ཚོ་ཆུང་གཅིག་གིས་ཉེན་ཁ་ཆེ་བའི་ས་ཁུལ་བཀག་སྡོམ་བྱས་ཤིང་དུས་རྟག་ཏུ་རི་ཉིལ་གྱི་གནས་སྟངས་ལ་ལྟ་ཞིབ་བྱས་པ་དང་། ཡུལ་སྐོར་བར་སེམས་གསོ་བྱེད་པ། མང་ཚོགས་ལ་ཆར་གོས་སྤྲོད་པ་བཅས་ཀྱི་ལས་དོན་བསྒྲུབས་པ་དང་། ཚོ་ཆུང་ཅིག་ཤས་ཀྱིས་འདམ་རྙོག་གཙང་སེལ་བྱས་ཏེ་བདེ་འཇགས་བགྲོད་ལམ་ཤར་གཏོང་བྱས། ཆུ་ཚོད་བཅུ་དང་སྐར་མ་བཅུ་གསུམ་སྟེང་ཡུལ་སྐོར་བ་བཅུ་གསུམ་པོ་དེ་བདེ་འཇགས་ཀྱི་གནས་སུ་སྐྱེལ་ཐུབ་པ་བྱུང་།

གནོད་སྐྱོན་ཕོག་ནས་སྐོར་མི་ཐུབ་པའི་རླངས་འཁོར་རིགས་ལའང་ཉེན་རྟོག་པས་འཕྲུལ་ཆས་སྒྲིག་ཆས་སྤྱད་དེ་འདྲུད་སྣུར་བྱས། ཟླ8ཚེས11ཉིན་གྱི་ཐོ་རེངས་ཆུ་ཚོད3དང་ཕྱེད་ཀའི་སྟེང་། དཀའ་ངལ་དང་འཕྲད་པའི་ཡུལ་སྐོར་བ་བཅུ་གསུམ་པོ་ཚང་མ་ཁམས་ར་གྲོང་རྡལ་གྱི་མགྲོན་ཁང་ཞིག་ཏུ་བཀོད་སྒྲིག་བྱེད་ཐུབ་པ་བྱུང་། མང་ཚོགས་གནས་སྤོ་བྱས་རྗེས་མི་དམངས་ཉེན་རྟོག་པ་ཚོས་ད་དུང་གནོད་འཚེ་ཐེབས་སའི་གཞུང་ལམ་ལ་བཀག་སྡོམ་དང་ཉེན་བརྡའི་མཚོན་རྟགས་བཙུགས་ཏེ། མཚན་གང་བོར་བསྡད་ནས་རླངས་འཁོར་གཞན་དག་ལམ་བསྐོར་ནས་འགྲོ་དགོས་པ་སོགས་ཀྱི་ཁྲིད་སྟོན་བྱས་ལ། ཕྱི་ཉིན་ཞོགས་པར་ད་གཟོད་བྱ་བའི་མཇུག་བསྡུས་པ་རེད།

ཐེངས་འདིའི་མཚན་གང་བོའི་རོགས་སྐྱོབ་ཁྲོད། གཞི་རིམ་མི་དམངས་ཉེན་རྟོག་པ་ཚོས་རྦབ་རྡོ་ལྷུང་བ་དང་ས་ཉིལ་བའི་ཉེན་ཁ་ཆེན་པོར་གདོང་ལེན་བྱས་པས། “མི་དམངས་ཉེན་རྟོག་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན”ཞེས་པ་ལག་ལེན་དངོས་ཀྱི་ཁྲོད་ནས་ར་སྤྲོད་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས། 

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།