མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་དཔེ་མཚོན་གྱོད་དཔེ12བསྒྲགས།
ཁུངས། ཀློག་གྲངས།

ཟླ8པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་ཁྲིམས་གཞུང་གིས་སྲུང་སྐྱོབ་བྱེད་ཅེས་པའི་སྐྱེ་ཁམས་ཁོར་ཡུག་གི་དཔེ་མཚོན་གྱོད་དཔེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས། ལས་ཁུངས3གྱིས་ཕྱི་ཕྱོགས་ལ་ཚབ་མཚོན་རང་བཞིན་ལྡན་པའི་དཔེ་མཚོན་གྱོད་དཔེ12བསྒྲགས་ཤིང་། བྱེད་ཐབས་འདི་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གཉིས་ལག་བསྟར་ཟབ་མོ་བྱེད་པ་ཡིན་ལ། སྲིད་གཞུང་དང་ཁྲིམས་ཁང་གཉིས་ཀྱིས་མཉམ་འགུལ་དང་སྲིད་གཞུང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་མཉམ་འགུལ་རྐྱེན་སྲོལ་བེད་སྤྱོད་ལེགས་པོ་སྒོས། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན་དུ་གཏོང་བའི་དངོས་གཉེར་བྱེད་ཐབས་ཤིག་ཡིན།

དཔེ་མཚོན་གྱོད་དཔེ12ཀྱི་ནང་དུ་སྲིད་འཛིན་ཁྲིམས་བསྟར་དང་སྤྱི་ཕན་གཏུག་བཤེར། ཁོར་ཡུག་འདྲི་གཅོད་སོགས་རིགས་གསུམ་འདུས་ཡོད་དེ། གྱོད་དཔེ་ལས་ཉེན་ཁ་ཆེ་བའི་སྙིགས་རོ་ཁྲིམས་འགལ་བརྒྱུད་སྤོར་དང་། ཁྲིམས་འགལ་བྱེ་མ་སྔོག་འདོན། སྦགས་བཙོག་དངོས་རྫས་ཚད་བརྒལ། རི་སྐྱེས་སྲོག་ཆགས་ཁྲིམས་འགལ་གྱིས་འཛིན་པ། ཁྲིམས་འགལ་གྱིས་ཆུ་ལེན་པ་སོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དཀའ་གནད་ལ་ཐད་ཀར་གདོང་གཏད་ཡོད།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་བསྟར་ལྟ་སྡོམ་གྱི་འགན་འཁྲི་རྒྱུན་ཆད་མེད་པར་དངོས་འབེབས་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་བཟོས་པའི་གུན་གསབ་ལམ་ལུགས་བཅོས་བསྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན། ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་འབྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མཐོ་སྒང་གྲང་ངར་ཆེ་བའི་ས་ཁུལ་གྱི་སྐྱེ་ཁམས་ཉམས་ཞན་ལ་དམིགས་པ་དང་། རྩྭ་ཐང་གི་བརླན་ས་དང་གཙང་བོ་དང་ཆུ་བོ་མཚེའུ། རི་སྐྱེས་སྲོག་ཆགས་འཚོ་སྡོད་གནས་སོགས་ས་ཁོངས་གཙོ་བོར་དམ་དུ་དམིགས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཁྲིམས་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་གྱོད་དོན་སྐོར་ཁག་ཆེན་པོ་ཞིག་བསྒྲུབས་ཚར་ནས། གནོད་པ་ཐེབས་པའི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་སླར་གསོ་ཡོང་བར་སྐུལ་འདེད་བཏང་།

ཐེངས་འདིའི་དཔེ་མཚོན་གྱོད་དཔེ་བསྒྲགས་པ་འདི་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》དངོས་སུ་ལག་ཏུ་བསྟར་བའི་མཚམས་ཚིགས་གལ་ཆེན་ཞིག་ལ་འཁེལ་ཡོད་པས། མཚོ་སྔོན་གྱིས་ལྗོངས་ཡོངས་སུ་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་བྱེད་སྒོ་སྤེལ་ཏེ། ཁྲིམས་བསྟར་མི་སྣར་འགན་སྒྲུབ་དབྱེ་མཚམས་གནད་ལ་འཁེལ་བའི་སྒོ་ནས་ཤེས་སུ་བཅུག་པ་དང་། ཁྲོམ་རའི་བྱེད་པོའི་བཅའ་ཁྲིམས་འགན་འཁྲི་གསལ་བོར་བཟོས་ནས། རྒྱ་ཆེའི་རོང་འབྲོག་པར་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁེ་དབང་དང་འོས་འགན་ཤེས་སུ་བཅུག་པ་དང་། མཐོ་སྒང་གི་སྐྱེ་ཁམས་ཁྲིམས་སྐྱོང་རྨང་གཞི་སྲ་བརྟན་དུ་བཏང་སྟེ། ཁྲིམས་གཞུང་གི་དགོངས་དོན་དེ་མཚོ་སྔོན་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་བཏང་།