
ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཞིང་ཆེན་ཁྲིམས་འཛིན་ཐིང་དང་མཉམ་འབྲེལ་སྒོས་ཆེད་དོན་ལག་བསྟར་བསམ་འཆར་བཏོན་ནས། སྲིད་གཞུང་དང་ཞིབ་དཔྱོད་ལས་ཁུངས་མཉམ་འགུལ་གྱི་ལས་སྟེགས་ལ་བརྟེན་ཏེ། ཞིབ་དཔྱོད་དམངས་དོན་རྒྱབ་སྐྱོར་ཞུ་གཏུག་དང་སྲིད་འཛིན་ཁྲིམས་ལུགས་རོགས་སྐྱོར་ཐོན་ཁུངས་མཉམ་འདྲེས་དང་། ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོབ་ཀྱི་རྩ་དོན་གཞིར་བཟུང་སྟེ། སྔོན་ལ་ཁུངས་སྣེ་སྦྲེལ་མཐུད་དང་བར་དུ་མཐུན་སྦྱོར་གྱིས་གྱོད་དོན་སྒྲུབ་པ། རྗེས་སུ་རོགས་རམ་དང་རོགས་སྐྱོབ་བྱེད་པ་བཅས་སྦྲེལ་ཐག་ཧྲིལ་བོའི་ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོང་གི་རྣམ་པ་བསྐྲུན་ཡོད་ལ། དེས་ནར་མ་སོན་པའི་མིས་གཏུག་བཤེར་ནུས་པ་ཞན་པ་དང་ལྟ་སྐྱོང་པའི་འགན་འཁྲི་འཐུས་ཤོར་སོགས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་ཁེ་དབང་སྲུང་སྐྱོབ་ཀྱི་དཀའ་ངལ་སེལ་ཡོད།
ལག་བསྟར་བསམ་འཆར་ནང་གྱོད་གཞིའི་འོས་འཚམ་ཁྱབ་ཁོངས་གཅིག་གྱུར་གཏན་འབེབས་གསལ་པོ་བཟོས་ཡོད་ལ། མི་ལུས་ཁེ་དབང་ལ་གནོད་འཚེ་ཕོག་པ་དང་། ལྟ་སྲུང་ཁྱིམ་ཚང་གི་རྩོད་གཞི། སློབ་གསོའི་ཐོབ་ཐང་གི་གནོད་སྐྱོན། རྒྱུ་ནོར་བཙན་བཟུང་། བསམ་ཡུལ་ལས་འདས་པའི་རྨས་སྐྱོན། དྲ་རྒྱའི་ཆ་འཕྲིན་དབང་ཆའི་གནོད་སྐྱོན་སོགས་སྲོལ་རྒྱུན་དང་རྣམ་པ་གསར་བའི་ནར་མ་སོན་པའི་མིའི་དམངས་དོན་དབང་གནོད་གྱོད་དོན་ལ་མཉམ་འབྲེལ་གྱི་ཁེ་དབང་སྲུང་སྐྱོབ་བརྒྱུད་ལམ་བཙུགས་ནས། ནར་མ་སོན་པའི་མིའི་འཚོ་བ་དང་སློབ་སྦྱོང་། དྲ་རྒྱའི་བྱེད་སྒོ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཁེ་དབང་ལ་ཉམས་ཆག་ཐེབས་པའི་གནས་ཚུལ་ཡོངས་ལ་ཁེབས་པར་བྱས་ཡོད། གལ་ཏེ་ནར་མ་སོན་པའི་མིས་རང་ཉིད་གཅིག་པུས་ནུས་ལྡན་ངང་ཞུ་གཏུག་རྒྱག་དཀའ་བ་ཡིན་ཚེ། ཞིབ་དཔྱོད་ལས་ཁུངས་ཀྱི་རྒྱབ་སྐྱོར་ཞུ་གཏུག་དང་ཁྲིམས་ལུགས་རོགས་སྐྱོར་གཉིས་ལྡན་གྱི་བཅའ་ཁྲིམས་འགན་སྲུང་ལོངས་སུ་སྤྱོད་ཆོག།
སྲིད་གཞུང་དང་ཞིབ་དཔྱོད་ལས་ཁུངས་མཉམ་འགུལ་སྒྲོམ་གཞི་བརྒྱུད་དེ། སྡེ་ཁག་འདི་གཉིས་ཀྱི་གཞི་གཅིག་རྣམ་པའི་ལས་སྒྲུབ་རྣམ་པ་བཙུགས་པ་ནས། ཁུངས་སྣེ་བརྗེ་རེས་ཀྱི་ཕྱོགས་གཉིས་བརྒྱུད་ལམ་ཤར་གཏོང་བྱེད་པ་དང་། ཁུངས་སྣེ་རྩིས་སྤྲོད་དུས་ཚོད་གཏན་འཁེལ་ནན་མོ་བྱས་ཏེ་ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོབ་རེ་འདུན་དུས་ཐོག་ཏུ་དང་ལེན་བྱེད་བཞིན་ཡོད། གྱོད་གཞི་འདིའི་རིགས་ཀྱི་དཔང་རྟགས་འཚོལ་བསྡུ་བྱེད་པའི་རྒྱུན་མཐོང་གི་དཀའ་གནད་ལ་གཞིགས་ཏེ། ཕྱོགས་གཉིས་ཀྱིས་གསང་བ་དམ་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བདེན་དཔང་རྒྱུ་ཆ་མཉམ་སྤྱོད་དང་མཉམ་དུ་དོན་དངོས་བརྟག་དཔྱད་བྱས་ཏེ་གྱོད་གཞི་ཐག་གཅོད་ཀྱི་སྤུས་ཚད་མཐོ་རུ་བཏང་ཡོད།
བྱ་བའི་ཁྲོད་དུ་གྱོད་དོན་འབྱུང་ཁུངས་ལེགས་བཅོས་དང་འདུམ་འགྲིག་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞང་གྲོང་དང་སྡེ་ཁུལ། སློབ་གྲྭ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་གཞི་རིམ་སྟོབས་ཤུགས་དང་མཐུན་སྦྱོར་བྱས་ཏེ་ཁྲིམས་ལུགས་འགྲེལ་བཤད་དང་། ནར་མ་སོན་པའི་མི་དང་འབྲེལ་བ་ཡོད་པའི་འགལ་བ་དང་རྩོད་པ་དག་ཞུ་གཏུག་མ་བྱས་གོང་འདུམ་འགྲིག་ཡོང་བ་དང་གཞི་རིམ་དུ་ཐག་ཆོད་པར་འབད་བརྩོན་བྱེད་དགོས། གྱོད་གཞི་མཇུག་སྒྲིལ་རྗེས་དུས་མཉམ་དུ་མཉམ་འབྲེལ་རྗེས་སྙེགས་བཅར་འདྲི་བྱེད་པ། ཐག་གཅོད་ཡིག་གེ་ལག་བསྟར་གྱི་གནས་ཚུལ་ལ་དོ་སྣང་བྱེད་པ། ནར་མ་སོན་པའི་མིའི་འཚོ་བ་དང་སློབ་སྦྱོང་། སེམས་ཁམས་ཀྱི་གནས་སྟངས་ལ་རྟོག་ཞིབ་བྱེད་པ་བཅས་བྱེད་དགོས། གལ་སྲིད་ལག་བསྟར་བྱེད་པར་བར་ཆད་ཡོད་པའི་གྱོན་དོན་བྱུང་ན། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་བྱེད་པ་དང་ཆབས་ཅིག ཁྲིམས་ལུགས་རོགས་སྐྱོར་དང་སྤྱི་ཚོགས་རོགས་སྐྱོར་སྦྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་སྟེ། དཀའ་ངལ་ཆེ་བའི་ནར་མ་སོན་པའི་མི་ལ་མཐའ་སྲུང་རོགས་སྐྱོར་མཁོ་སྤྲོད་བྱེད་རྒྱུ་རེད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།