
ཟླ9བའི་ཚེས4ཉིན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས《མི་རིགས་མཐུན་སྒྲིག་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་ཞིང་ཆེན་ཏང་ཨུའི་སྒྲིག་འགྲེལ་ཚོགས་པས་ཆེད་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་གཅིག་གྱུར་བཀོད་སྒྲིག་འོག ཞིང་ཆེན་ཏང་ཨུའི་ཆེད་དོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའི་གདན་ཞུ་ལྟར་ཆེད་དོན་སློབ་སྟོན་སྙན་ཞུ་ཕུལ།
སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུའི་སྟེང་ཁྲིམས་འཛུགས་རྒྱབ་ལྗོངས་དང་འཕེལ་རིམ། བཅའ་ཁྲིམས་ཀྱི་ངེས་གནས་དང་སྤྱིའི་སྒྲོམ་གཞི། བཅས་ཁྲིམས་ཀྱི་མ་ལག་ཕྱོགས་ཡོངས་ལ་འགྲེལ་བཤད་བྱེད་པ། མཚོ་སྔོན་གྱི་ཁྲིམས་སྐྱོང་ལག་ལེན། གྱོད་དཔེ་ལ་བརྟེན་ནས་ཁྲིམས་ལུགས་བཤད་པ། ཁྲིམས་ལུགས་ཀྱི་བླང་བྱ་དེ་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་བ་བཅས་ཕྱོགས་དྲུག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་དང་། སྲོག་ཤིང་དོན་གནད། ལག་ལེན་བླང་བྱ་བཅས་གཏིང་ཟབ་ངང་གསལ་བཤད་བྱས་པ་མ་ཟད། དུས་རབས་གསར་བའི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་བ་བཅས་ལ་མ་ལག་རང་བཞིན་གྱི་འགྲེལ་བཤད་བྱས། སྙན་ཞུ་དེའི་བརྗོད་དོན་ཁ་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་ལ། གོ་བདེ་ཞིང་ཤེས་སླ་བས་གཞུང་ལུགས་ཀྱི་མཐོང་རྒྱ་ཡངས་ཤིང་ལག་ལེན་གྱི་རིན་ཐང་ཀྱང་ལྡན་པས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་བྱེད་པས་བཅའ་ཁྲིམས་དགོངས་དོན་ཁོང་དུ་ཆུད་པ་དང་། ཁྲིམས་ལྟར་མི་རིགས་ཆོས་ལུགས་ལས་དོན་ལ་འཆར་འགོད་བྱེད་པར་མཛུབ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན།
ཚང་མས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་སྔར་བས་མཐོ་རུ་བཏང་སྟེ་སློབ་སྦྱོང་ཟབ་མོ་བྱེད་པ་དང་གོ་བ་ཞིབ་ཕྲ་ལེན་རྒྱུར་མུ་མཐུད་ཤུགས་བསྣན་ཏེ། དྲིལ་བསྒྲགས་བྱེད་སྟངས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཉན་ཤེས་པ་དང་སེམས་འགུལ་ཐེབས་ཐུབ་པའི་སྐད་ཆས་ཁྲིམས་ལུགས་གཏམ་རྒྱུད་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་མི་རིགས་ཁྲིམས་ལུགས་ཤེས་བྱ་མི་སེམས་སུ་ཟུག་ཐུབ་པ་བྱས། ཤེས་སྤྱོད་ཟུང་འབྲེལ་རྒྱུན་འཁྱོངས་སྒོས་ཡར་སྐུལ་བཅའ་ཁྲིམས་ཀྱི་གཏན་འབེབས་རྣམས་དཔེ་མཚོན་ཅན་གྱི་གསར་འཛུགས་དང་ཕན་ཚུན་འདྲེས་སྦྱོར་རྣམ་པའི་སྤྱི་ཚོགས་སྒྲིག་གཞི་འཛུགས་སྐྲུན། གཞི་རིམ་སྤྱི་ཚོགས་དོ་དམ་དང་དམངས་འཚོ་འགན་སྲུང་སོགས་ཀྱི་བྱ་བ་ཁག་དང་མཉམ་བསྲེས་བྱས་ཏེ། ཁྲིམས་ལུགས་ཀྱིས་སྣེ་ཁྲིད་འོག་མི་རིགས་སོ་སོས་འབྲེལ་འདྲིས་རྒྱ་ཁྱབ་ཏུ་སྤེལ་བ་དང་ཁྱོན་ཡོངས་ནས་བསམ་བློ་བརྗེ་རེས་ཟབ་སྤེལ། འདུ་ཤེས་གཅིག་མཐུན་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་ལས་ཀར་འགན་འཁུར་ཕོད་པ། མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་ཐུན་མོང་གིས་འབད་བརྩོན་ལྷོད་མེད་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་བརྟན་པོར་བསྲུང་དགོས།
རྒྱུས་ལོན་པ་ལྟར་ན། ཟླ་དྲུག་པ་ནས་བཟུང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་སྡེ་ཁག་ལྔ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་སྐོར་དྲིལ་བསྒྲགས་ཤུགས་ཆེན་བྱས་ཤིང་སྒྲོག་འགྲེལ་ཇུས་གཞི་བཟོས་ནས་པར་འགྲེམ་བྱས་པ་དང་། ཞིང་ཆེན་ནང་ཁུལ་གྱི་སློབ་ཆེན་སོ་སོ་དང་ཐད་གཏོགས་ལས་ཁུངས་ཁག་ཅིག་ནས་འོས་སྦྱོར་བྱས་པའི་རྨང་གཞིའི་སྟེང་། ཆེད་མཁས་དགེ་རྒན་ཆེན་མོ་དང་རྐང་འཛིན་དགེ་རྒན36བདམས་ཏེ་ཆེད་དོན་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས། ཟླ9བ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་རིང་། ཞིང་ཆེན་ཏང་ཨུས་ཆེད་མཁས་སྒྲོག་འགྲེལ་ཚོགས་པས་གྲོང་ཁྱེར་དང་ཁུལ་བརྒྱད། ཞིང་ཆེན་ཁོངས་གཏོགས་ལས་ཁུངས130ལྷག་ལ་སྒྲོག་འགྲེལ་ཐེངས་བརྒྱ་ལྷག་ཙམ་བྱེད་རྩིས་ཡོད་པ་རེད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།