
ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་བརྗེ་རེས་ཚོགས་འདུ་སྐབས་བཅུ་གསུམ་པ་དེ་ཟླ9པའི་ཚེས9ཉིན་ནས་ཚེས13ཉིན་བར་པེ་ཅིང་ཧྲུའུ་ཀང་ཡོན་དུ་བསྡུ་རྒྱུ་རེད། རྒྱལ་ཁབ་རིམ་པའི་འགྲེམ་ཚོགས་སྟེགས་བུའི་གོ་སྐབས་དམ་འཛིན་བྱེད་པ་དང་། རང་ཞིང་གི་ཞབས་ཞུ་ཉོ་ཚོང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམ་སྟོན། པེ་ཅིང་དང་མཚོ་སྔོན་གྱི་ཁ་གཏད་མཉམ་ལས་ཟབ་སྤེལ་དང། ཚྭ་མཚོའི་ཐོན་ཁུངས་དང་དག་གཙང་ནུས་ཁུངས། རིག་གནས་ཡུལ་སྐོར་ཁམས་གསོ། གཞི་གྲངས་རྩིས་ནུས་སོགས་མཐོ་སྒང་གི་ཁྱད་ལྡན་ཞབས་ཞུའི་ལས་རིགས་ཕྱིར་གཏོང་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཉོ་ཚོང་ཚོགས་པ་སྒྲིག་འཛུགས་བྱས་ནས་འགྲེམ་ཚོགས་དང་ཚོགས་འདུར་ཞུགས་རྒྱུ་ཡིན་ལ། མིག་སྔར་གྲ་སྒྲིག་བྱ་བ་སྣ་ཚོགས་རིམ་ལྡན་ངང་སྤེལ་བཞིན་ཡོད།
ཐེངས་འདིའི་འགྲེམ་ཚོགས་སུ། རང་ཞིང་གིས་དག་གཙང་ནུས་ཁུངས་དང་ས་གཤིས་འཚོལ་ཞིབ། རྒྱལ་སྤྱིའི་དངུལ་རྩ། རིག་གནས་ཡུལ་སྐོར། ལྗང་མདོག་རྩིས་ནུས་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་གྱ་གསུམ་རྩ་འཛུགས་བྱས་ནས་འགྲེམ་ཚོགས་སུ་ཞུགས་རྒྱུ་ཡིན་པར་མ་ཟད། རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན་བརྗོད་དོན་དུ་བྱས་པའི་ཁྱད་ལྡན་གྱི་འགྲེམ་ཁུལ་བཀོད་སྒྲིག་བྱེད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དགེ་མཚན་དང་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་འདུ་ཤེས་མཉམ་འདྲེས་བྱེད་པ། 5+3ཡི་འགྲེམ་སྟོན་ཁུལ་ཏེ། དག་གཙང་ནུས་ཁུངས་ཞབས་ཞུ་དང་རིག་གནས་ཡུལ་སྐོར་ཁམས་གསོའི་ཞབས་ཞུ། གཞི་གྲངས་རྩིས་ནུས་ཞབས་ཞུ། བཟོ་སྐྲུན་ལག་རྩལ་ཞབས་ཞུ། དངུལ་རྩའི་ཚོང་དོན་ཞབས་ཞུ་བཅས་ལས་སྒོ་ཆེན་པོ་ཁག་ལྔ་དང་། མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་དང་མཚོ་སྔོན་གྱི་དངོས་ཟོག་བཟང་པོ། པེ་ཅིང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་གྲུབ་འབྲས་བཅས་ཁྱད་ལྡན་འགྲེམ་ཁུལ་གསུམ་བཀོད་སྒྲིག་བཅས་བྱས་ནས། ཕྱོགས་ཡོངས་དང་ལངས་གཟུགས་རྣམ་པས་མཚོ་སྔོན་གྱིས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་རྐང་བཙུགས་པ་དང་ཁྱད་ལྡན་ཞབས་ཞུ་ཉོ་ཚོང་འཕེལ་རྒྱས་བཏང་བའི་ཕན་འབྲས་མངོན་རྒྱུ་རེད།
འགྲེམ་ཚོགས་སྐབས་སུ། པེ་ཅིང་དང་མཚོ་སྔོན་མཉམ་ལས། ཐོན་ལས་སྦྲེལ་མཐུད། རིག་གནས་ཀྱིས་སྟོབས་ནུས་སྩོལ་བ་བཅས་གཙོ་གནས་གསུམ་ལ་དམིགས་ནས། ཞིང་ཆེན་ཚོང་དོན་ཐིང་དང་པེ་ཅིང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་ཐོག་དང་པོར་མཉམ་འབྲེལ་སྒོས་མཚོ་སྔོན་གྱི་དངོས་ཟོག་བཟང་པོ་ཞེས་པའི་ཐོན་རྫས་ཕྱིར་འཚོང་སྦྲེལ་མཐུད་དང་པེ་ཅིང་དང་ཡུས་ཧྲུའུ་ཡི་རིག་གནས་ཐོན་ལས་འོས་སྦྱོར་བརྗེ་རེས། མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་འགྲེམ་ཚོགས། ཡུས་ཧྲུའུ་ཁུལ་གྱི་གཟུགས་འདས་ཤུལ་བཞག་དང་རོང་འབྲོག་རིག་གནས་ཡུལ་སྐོར་འགྲེམ་སྟོན་སོགས་སྡེབ་སྒྲིག་བྱེད་སྒོ་སྤེལ་རྒྱུ་རེད། དེའི་ཁྲོད། མཚོ་སྔོན་གྱི་དངོས་ཟོག་བཟང་པོ་ཞེས་པའི་ཐོན་རྫས་ཕྱིར་འཚོང་སྦྲེལ་མཐུད་དང་པེ་ཅིང་དང་ཡུས་ཧྲུའུ་ཡི་རིག་གནས་ཐོན་ལས་འོས་སྦྱོར་བརྗེ་རེས་བྱེད་སྒོའི་སྟེང་ཕལ་ཆེར་སྐུ་མགྲོན་བརྒྱ་དང་དྲུག་ཅུ་གདན་ཞུ་བྱེད་པ་དང་། ཡུལ་དངོས་སུ་མཚོ་སྔོན་གྱི་དངོས་ཟོག་བཟང་པོ་འོས་སྦྱོར་བྱས་ནས། མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་གྱི་མཉམ་འདྲེས་ཚལ་རིགས་བརྒྱ་དང་འབྲོག་ལས་དང་ཉ་ལས་སྐོར་གྱི་ཟིན་ཐོ་ལས་མཚོ་སྔོན་གྱི་ལེའུ་ཞེས་པའི་ཡུལ་སྐོར་ཟིན་ཐོ་ཁྱབ་སྤེལ་བྱེད་པ་དང། ཞིང་ཕྱུགས་ཐོན་རྫས་འདོན་སྤྲོད་ཕྱིར་འཚོང་དང་རིག་གནས་ཡུལ་སྐོར་གསར་སྤེལ། གཟུགས་འདས་ཤུལ་བཞག་རིག་གནས་ཡུལ་སྐོར་ཐོན་རྫས་སོགས་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆོད་ལ་མིང་རྟགས་འགོད་རྒྱུ་རེད། མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་ཞེས་པའི་འགྲེམ་ཁུལ་དུ། མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་གྱི་དྲི་ཞིམ་པེ་ཅིང་གྲོང་དུ་ཁྱབ་ཅེས་པ་བརྗོད་དོན་དུ་བྱས་ནས། དབང་བཅོལ་ཐོབ་པའི་བཟའ་བཏུང་ཁེ་ལས་དང་འདོན་སྤྲོད་མུ་ཕྲེང་གི་ཁེ་ལས་རྩ་འཛུགས་བྱེད་པ་དང་། དཔེ་མཚོན་ཚལ་ཐོ་ཉམས་ལེན་དང་མཉམ་འདྲེས་ཚལ་རིགས་འགྲེམ་སྟོན། གཟུགས་འདས་ཤུལ་བཞག་གི་ཟས་སྐོལ་ལག་རྩལ་འགྲེམ་སྟོན། མཚོ་སྔོན་གྱི་དངོས་ཟོག་བཟང་པོ་འགྲེམ་སྟོན་སོགས་བཀོད་སྒྲིག་བྱས་ཏེ། མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་བསྟུད་མར་རྒྱ་བསྐྱེད་པ་དང་། གསོལ་སྟོན་ལ་བརྟེན་ནས་འགྲེམ་སྟོན་འཕེལ་རྒྱས་དང་འགྲེམ་སྟོན་གྱིས་ཕྱིར་འཚོང་ལ་སྐུལ་འདེད། ཕྱིར་འཚོང་གིས་ཐོན་ལས་ལ་སྐུལ་འདེད་བཅས་ཀྱི་དམིགས་འབེན་མངོན་དུ་འགྱུར་བར་བྱ་རྒྱུ་རེད།