
ཟླ9ཚེས5ཉིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཚན་རིག་དང་མཐུན་པའི་ནུས་པ་ཆེན་པོ་བཏོན་ཏེ་རྒྱལ་ལམ338ཧའེ་ཞིན་ནས་ཐེམ་ཆེན་བར་གྱི་ལམ་ཐིག་མིན་ཡོན་ལམ་དུམ་གྱི་རི་ཉིལ་བའི་ཉེན་ཁའི་གནས་ཚུལ་ཐག་གཅོད་བྱ་བ་ལེགས་འགྲུབ་བྱུང་། ཉིན་གུང་གི་ཆུ་ཚོད14དང་སྐར་མ30བར་དུ་ལམ་ཐིག་འདིའི་སྟེང་གི་ས་རྡོ་ཚང་མ་གཙང་སེལ་བྱས་ཟིན་པ་དང་གཞུང་ལམ་རྒྱུན་ལྡན་ལྟར་ཤར་གཏོང་ཐུབ་ཡོད།
ཟླ9ཚེས1ཉིན་གྱི་ཆུ་ཚོད11དང་སྐར་མ48ཐོག་རྒྱལ་ལམ338ཧའེ་ཞིན་ནས་ཐེམ་ཆེན་བར་གྱི་མོན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་སེམས་ཉིད་ཞང་ཆི་ཧན་ཁའེ་གྲོང་ཚོའི་མཚམས་སུ་གློ་བུར་དུ་རི་ཉིལ་བའི་ཉེན་ཁ་ཆེན་པོ་བྱུང་བ་དེས་ཕྱོགས་གཉིས་ཀའི་འགྲོ་སྐྱོད་ལ་བཀག་འགོག་ཐེབས། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མྱུར་དུ་འགུལ་སྐྱོད་སྤེལ་ཏེ། ས་གནས་ཀྱི་སྡེ་ཁག་མང་པོ་མཉམ་འབྲེལ་གྱིས་མྱུར་སྐྱོབ་ལས་ཀར་ཞུགས་ཤིང་། མཚོ་སྔོན་གཞུང་ལམ་བདག་སྐྱོང་སྡེ་ཁག་དང་སྤྱི་བདེ་དོ་དམ་སྡེ་ཁག་གིས་ཡུལ་དངོས་ཚོད་འཛིན་ལག་བསྟར་བྱས་པ་མ་ཟད། མི་དང་རླངས་འཁོར་ཉེན་གནས་ས་ཁུལ་དུ་འགྲོ་བར་བཀག་འགོག་ནན་མོ་བྱས། འགྲིམ་འགྲུལ་སྡེ་ཁག་གིས་ས་གནས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་སྒྲིག་འཛུགས་བྱས་ཏེ་ཆེད་མཁས་པའི་ཚོ་ཆུང་རྩ་བཙུགས་བྱས་ཏེ་ཡུལ་དངོས་ནས་དབྱེ་ཞིབ་ཚོགས་འདུ་འཚོགས་པ་དང་། བརྟག་དཔྱད་བྱས་པ་བརྒྱུད་ས་ཁུལ་དེའི་བྲག་རྡོའི་ནང་ཆུ་འདུས་ཚད་མཐོ་བ་དང་མཐོ་སའི་བྲག་རྡོར་ཉེན་ཁ་ཆེ་བ། ས་ཁྱོན་ཆུང་ངུ་རེ་འགར་ད་དུང་རྒྱུན་མཐུད་ངང་རྡིབ་སྐྱོན་འབྱུང་བཞིན་ཡོད་པས། སྐབས་དེར་ཐད་ཀར་ལམ་ངོས་གཙང་སྦྲ་བྱེད་པར་ཉེན་ཁ་ཧ་ཅང་ཆེ།
ཞོར་ཐོན་གནོད་འཚེ་མི་འབྱུང་བ་དང་འགྲོ་འོང་རླངས་འཁོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ས་གནས་ཀྱི་འབྲེལ་ཡོད་ཚན་ཁག་དང་མཉམ་དུ་རི་ཉིལ་ས་ཁུལ་དེར་བཀག་སྡོམ་ཚོད་འཛིན་བྱས་པར་མ་ཟད། དུས་ཐོག་ཏུ་སྤྱི་ཚོགས་ལ་འགྲིམ་འགྲུལ་བཀག་སྡོམ་བརྡ་ཐོ་དང་སྐོར་བསྐྱོད་ཇུས་གཞི་ཁྱབ་བསྒྲགས་བྱས། དེའི་རྗེས་ཆེད་ལས་མཁའ་དབྱིངས་ལས་སྒྲུབ་མི་སྣ་བཀོད་སྒྲིག་བྱས་ཏེ་ཉེན་ཁ་ཅན་གྱི་བརྟན་པོ་མིན་པའི་བྲག་རྡོ་དག་མིས་བྱེད་གཙང་སེལ་བྱས། རི་བོའི་བརྟན་ལྷིང་རང་བཞིན་ཚད་གཞི་ལ་ལོན་རྗེས་མི260ལྷག་ཙམ་བཏང་སྟེ་ཕྱོགས་ཡོངས་ནས་ལམ་ངོས་སུ་སྤུངས་པའི་ས་རྡོ་གཙང་མ་བཟོ་བའི་ལས་འགུལ་སྤེལ། དུས་ཐོག་ཏུ་ཤེས་རྟོགས་དང་ཚོད་འཛིན་ལེགས་པོ་བྱས་རྐྱེན་དོན་རྐྱེན་འདིས་མི་སྣ་ཤི་རྨས་སམ་རླངས་འཁོར་གྱོང་གུད་གང་ཡང་བཟོས་མེད།
རྒྱུས་ལོན་པ་ལྟར་ན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མུ་མཐུད་དུ་ལམ་ཐིག་འདིའི་འགྲམ་ངོགས་བརྟན་ལྷིང་ཡིན་མིན་ལ་ལྟ་ཞིབ་བྱེད་པ་དང་བསྐོར་ཞིབ་ཐེངས་གྲངས་མང་དུ་གཏོང་རྩིས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་བདག་སྐྱོང་སྡེ་ཁག་གིས་ཆར་ཞོད་དུས་ཚིགས་སྐབས་གཙོ་གནད་ལམ་དུམ་སོ་སོར་ལྟ་སྐུལ་ཤུགས་སྣོན་བརྒྱབ་སྟེ། མངོན་མེད་རྐྱེན་ངན་རྩད་གཅོད་དང་ཐག་གཅོད་ཧུར་ཐག་བྱས་ནས་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པར་འགན་སྲུང་བྱེད་རྒྱུ་རེད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།