ཀྲུང་གོ་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས26པའི་མཚོ་སྔོན་མགྲོན་བདག་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཆེད་དོན་བྱེད་སྒོ་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ9པའི་ཚེས6ཉིན་ནས་ཚེས10ཉིན་བར།  མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མི་སྣ་རྩ་འཛུགས་བྱས་ཏེ་ཞ་མོན་དུ་སོང་ནས་ཀྲུང་གོ་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས26པར་ཞུགས།

ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ཟབ་མོ་བྱེད་པ་དང་།  རིག་གནས་ཡུལ་སྐོར་དང་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་བྱེད་པ། མཚོ་སྔོན་དང་ཧྥུའུ་ཅན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤེལ་རེས་དང་ལས་གཞི་མཉམ་ལས་སྟེགས་བུ་བསྐྲུན་པ། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཚོང་འགུག་དངུལ་འདྲེན་བྱ་བའི་ཕན་འབྲས་སྲ་བརྟན་དང་ཆེ་རུ་གཏོང་བ་བཅས་བྱས་ནས། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་དངུལ་གཏོང་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་ཆེད་དུ་རེད།

དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྟེང་།   མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན”ཞེས་པ་བརྗོད་དོན་དུ་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་འཐབ་ཇུས་དམིགས་འབེན་ལ་གཞིགས་ཏེ། བར་སྟོང་བཀོད་སྒྲིག་དང་འཛད་སྤྱོད་རྣམ་པ། མཉམ་འདྲེས་སྨྱན་སྦྱོར་བརྒྱུད་གཏོང་བཅས་ཕྱོགས་གསུམ་བརྒྱུད་དེ་མ་ལག་ལྡན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གྲུབ་འབྲས་མངོན་པར་བྱས། འགྲེམ་ཁུལ་དུ“ཉིང་གཅིག་སྐོར་གཅིག ཁུལ་བཞི་རྒྱུད་མང”གི་བར་སྟོང་བཀོད་སྒྲིག་དཔེ་རིས་སྒྲིག་འཛུགས་བྱས་ཏེ། “ བཟའ་བཏུང་དང་སྡོད་གནས། འགྲོ་སྐྱོད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”བཅས་ཕྱོགས་ཆེན་པོ་དྲུག་ནས་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་གསར་པ་དང་ལས་རྣམ་གསར་པ་མངོན་པར་བྱས་པ་དང་།   དྲིལ་སྒྲོག་བརྙན་རིས་གཏོང་བ་དང་།  རིག་གནས་གསར་གཏོད་ཐོན་རྫས་དང་ཚོང་འགུག་རྒྱུ་ཆ་བཤམས་པའི་བྱེད་ཐབས་བརྒྱུད་དེ་ལྟ་བ་དང་ཉན་པ།  དངོས་རྫས་བཅས་མཉམ་འདྲེས་ཀྱི་ལངས་གཟུགས་བརྒྱུད་གཏོང་ཕན་འབྲས་གྲུབ་པར་བྱས། དེ་དང་ཆབས་ཅིག   ཀྲུང་གོ(མཚོ་སྔོན)དང་ཡོ་རོབ་(ཧྥིན་ལན)གྱི་དཔལ་འབྱོར་ཉོ་ཚོང་སྤེལ་རེས་བཞུགས་མོལ་ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གནས་ཚུལ་ཆེད་དུ་འོས་སྦྱོར་བྱས་ཏེ། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐད་ཡོ་རོབ་དང་སྤེལ་རེས་མཉམ་ལས་བྱེད་པའི་ཐབས་ལམ་སྔར་ལས་རྒྱ་བསྐྱེད།

བྱེད་སྒོའི་སྐབས་སུ།  མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་རྟོག་ཞིབ་དང་ཚོང་འགུག་ལ་གཞི་གཅིག་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་འགུལ་ངང་སྔོན་ཐོན་ས་ཁུལ་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་སྐྱེ་ཁམས་རིན་ཐང་ཚུལ་སྒྱུར། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སོགས་ཐད་ཀྱི་ཉམས་མྱོང་དང་དཔེ་བསྡུར་བྱས་ནས། རིག་གནས་ཡུལ་སྐོར་ཁེ་ལས་རྩེ་གྲ་དང་མཉམ་དུ་སྤེལ་རེས་ཟབ་མོ་དང་མཉམ་ལས་ལ་མཉམ་དུ་གྲོས་མོལ་བྱས། དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་པ་བརྒྱུད་དེ། “རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན”གྱི་སྤུས་རྟགས་ཤུགས་རྐྱེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བསྐྱེད་པ་དང་།   ཡུལ་སྐོར་པ་མཚོ་སྔོན་དུ་འགུག་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ལ།  “འཛུམ་མདངས་ཞབས་ཞུའི”སྤུས་རྟགས་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་བར་མ་ཟད།   ཚོང་འགུག་དངུལ་འདྲེན་གྱི་ཕན་འབྲས་རང་བཞིན་ཇེ་ཆེ་དང་།  མཚོ་སྔོན་དང་ཧྥུའུ་ཅན་གྱི་རིག་གནས་ཡུལ་སྐོར་མཉམ་ལས་བྱེད་ཚད་རྒྱུན་མཐུད་ངང་རྒྱ་བསྐྱེད་དེ། “སྐམ་མཚོ་མཉམ་སྒུལ་དང་ཤར་ནུབ་མཉམ་གསབ”ཀྱི་རིག་གནས་ཡུལ་སྐོར་མཐུན་སྦྱོར་གྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་གྲུབ་པར་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།