
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཟླ8པར་སྔོན་སྐྱོད་དམིགས་ཚད་མང་པོ་ཞིག་ལ་གོང་འཕེལ་གྱི་རྣམ་པ་མངོན་ཏེ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན།
ཟླ8པར། ས་གནས་སོ་སོས་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་། ཆ་སྙོམས་ཀྱི་འགོ་རྩོམ་ཚད་ཟླ་སྔོན་མ་ལས་ཅུང་འཕེལ་རྒྱུས་བྱུང་ཡོད། སྲོལ་རྒྱུན་གྱི་གཞི་རྩའི་འཛུགས་སྐྲུན་ལ་བརྟན་བརླིང་ངང་སྐུལ་སྤེལ་བཏང་བ་དང་མཉམ་དུ། ནུས་ཁུངས་གསར་པ་དང་། གྲོང་ཁྱེར་གསར་སྒྱུར་སོགས་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས རྨང་གཞིའི་འཛུགས་སྐྲུན་གྱི་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སྒྱུར་བྱུང་། དེ་དང་ཆབས་ཅིག་དངུལ་གཏོང་སྒྲིག་གཞིའང་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན། ཟླ8པར། རྒྱལ་ཡོངས་ཀྱི་རྩིས་ཤུགས་རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞིའི་འོས་ཐོབ་དངུལ་གྲངས་ལོ་སྔོན་མའི་དུས་མཉམ་ལས་བཅུ་ཆའི་བརྒྱད་ཉེ་བ་འཕར་བ་དང་། མི་ཐབས་རིག་ནུས་དང་མིའི་གཟུགས་འཕྲུལ་མི་སོགས་མདུན་གྲལ་ཁྱབ་ཁོངས་ཀྱི་མ་དངུལ་གྲངས་འབོར་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི101.6འཕར་ཡོད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་དཔལ་འབྱོར་གྱི་བརྟན་ཐོག་ཡར་འཕེལ་ལ་སྒུལ་ཤུགས་ཆེན་པོ་གསོག་འཇོག་བྱས་ཡོད།
འཛད་སྤྱོད་ཁྲོམ་རའི་འཕེལ་ཕྱོགས་ལ་རྒྱུན་མཐུད་ངང་རྣམ་པ་བཟང་བོ་མངོན། ཟླ8པར། ཡུལ་དངོས་འཛད་སྤྱོད་ཀྱི་མ་དངུལ་གཏོང་སྤྲོད་གྲངས་འབོར་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི2.6འཕར་པ་དང་། བསྟུད་མར་ཟླ་གཉིས་ལ་འཕར་སྣོན་བྱུང་བ་རེད། གློག་རྡུལ་ཚོང་ཟོག་དང་། ཁྱིམ་སྤྱོད་གློག་ཆས། སྒྲ་བརྙན་ཡོ་ཆས་སོགས་རིམ་འཕར་རིགས་ཀྱི་ཚོང་ཟོག་འཛད་སྤྱོད་ཀྱི་ཚད་དེ་བས་མངོན་གསལ་ཡིན་པ་དང་། ན་ནིང་གི་དུས་མཉམ་ལས་འཕར་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི10ཡི་ཡན་ཟིན་ཡོད་ལ། བཟའ་བཏུང་དང་འགྲིམ་འགྲུལ་ཞབས་ཞུའི་འཛད་སྤྱོད་ཀྱང་དེ་དང་མཉམ་དུ་ལེགས་བསྒྱུར་བྱུང་སྟེ། ན་ནིང་གི་དུས་མཉམ་ལས་ཆ་སྙོམས་ཀྱིས་བརྒྱ་ཆའི5ཡི་ཡན་འཕར་ཡོད། ཚོང་ཁང་ཆུང་འབྲིང་གི་འཕེལ་ཕྱོགས་མཚོན་པའི་དངོས་ཕུང་ཚོང་དོན་གྱི་འཕེལ་ཤུགས་སྟོན་གྲངས83.3ཡིན་ལ། ཟླ་སྔོན་མ་ལས་བརྒྱ་ཆའི1.7འཕར་ཡོད།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་ཞིན་ཡུས་ཀོན་གྱིས་བཤར་རྒྱུར། ཟླ8པར། རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་རར་བརྟན་ཐོག་ཡར་འཕར་བྱུང་ཡོད་ལ། རྨང་གཞིའི་འཛུགས་སྐྲུན་གསར་པའི་དངུལ་གཏོང་གིས་རྒྱུན་མཐུད་ངང་ནུས་ཤུགས་བཏོན། སྲིད་ཇུས་ཀྱི་འདེགས་སྐྱོར་བརྟན་པོ་དང་། གཞི་ཁྱོན་ཁྲོམ་ར་ཆེ་ཤོས་དང་འཐུས་ཚང་ཡིན་པའི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གི་དགེ་མཚན་བཅས་ནི། ཀྲུང་གོའི་དཔལ་འབྱོར་གྱི་ཉེན་ཁ་སྔོན་འགོག་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བའི་སྲ་བརྟན་གྱི་གཏིང་ཤུགས་སུ་འགྱུར་བཞིན་ཡོད།