ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ནགས་ར་གོ་རིམ་ལྡན་པའི་ངང་སྤྱི་ཚོགས་ལ་སྒོ་འབྱེད་རྒྱུ་རེད།
ཁུངས། ཀློག་གྲངས།

ཉེ་ཆར། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས《རྒྱལ་དབང་ནགས་ར་གོ་རིམ་ལྡན་པའི་ངང་སྒོ་འབྱེད་བྱེད་པའི་སྐོར་གྱི་བརྡ་ཐོ》དཔར་འགྲེམས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ནན་མོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ནགས་ར་གོ་རིམ་ལྡན་པའི་ངང་སྤྱི་ཚོགས་ལ་སྒོ་འབྱེད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་མཐོ་སྒང་གི་ནགས་ཚལ་དུ་ཉེ་བར་བཅར་སའི་སྤྱི་ཕན་བར་སྟོང་བསྐྲུན་པ། སྐྱེ་ཁམས་དམངས་ཕན་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱ་དགོས་པའི་བླང་བྱ་བཏོན།

ཐེངས་འདིའི་རྒྱལ་ཁབ་དབང་ནགས་ར་སྒོ་འབྱེད་སྐབས་སུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོབ་ཨང་དང་པོ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་དབྱེ་འབྱེད་དང་དུས་ཚོད་བགོས་ནས་དོ་དམ་བྱེད་པའི་རྣམ་པ་ལག་བསྟར་བྱེད་པ་ལས། ས་ཁོངས་ཡོངས་སུ་ཚོད་འཛིན་མེད་པར་སྒོ་ཕྱེ་མི་ཆོག སྒོ་འབྱེད་ཁུལ་ཁོངས་དེ་རང་བྱུང་ནགས་ཀྱི་གཙོ་གནད་གསོ་སྐྱོང་ཁུལ་དང་ཆུ་ཁུངས་རིམ་པ་དང་པོའི་སྲུང་སྐྱོབ་ཁུལ། རི་སྐྱེས་སྲོག་ཆགས་འཚོ་གནས་ལྟེ་གནས། ས་གཤིས་གནོད་སྐྱོན་འབྱུང་ཉེན་ཁུལ་སོགས་གཏན་འགོག་བཀག་སྡོམ་ཁུལ་ལས་གཡོལ་དགོས་པ་དང་། སྒོ་འབྱེད་ཁྱབ་ཁོངས་གསལ་པོ་དང་དོ་དམ་མཚོན་རྟགས་འཛུགས་དགོས་པ་མ་ཟད། དུས་ཚིགས་དང་གནམ་གཤིས་གནས་ཚུལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་གཞིར་བཟུང་ནས་སྒོ་འབྱེད་དུས་ཡུན་དང་སྣེ་ལེན་གཞི་ཁྱོན་དུས་ཐོག་ཏུ་བསྒྱུར་བཅོས་བཏང་སྟེ། མིའི་རིགས་ཀྱིས་བྱེད་སྒོ་སྤེལ་བ་ལས་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་ལ་གནོད་པ་ཐེབས་རྒྱུར་སྔོན་འགོག་བྱེད་དགོས།

སྒོ་འབྱེད་ཀྱི་གོ་རིམ་ཁྲོད། ས་གནས་སོ་སོས་རྒྱལ་དབང་ནགས་རའི་ཐོན་ཁུངས་དགེ་མཚན་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྟེང་། སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་ལུགས་མཐུན་བགྲོད་ལམ་འཚོལ་ཞིབ་བྱེད་པ་དང་། ས་བབ་དང་བསྟུན་ནས་སྐྱེ་ཁམས་མྱོང་རོལ་དང་རང་བྱུང་སློབ་གསོ། ནགས་ཚལ་ཞིབ་སློབ་སོགས་གནོད་པ་ཆུང་བའི་སྐྱེ་ཁམས་ཞབས་ཞུའི་རྣམ་གྲངས་སྤེལ་ཏེ། མཐའ་འཁོབ་ས་ཁུལ་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་ནས། སྐྱེ་ཁམས་ཐོན་ཁུངས་དགེ་མཚན་དེ་རིམ་བཞིན་འཕེལ་རྒྱས་དགེ་མཚན་དུ་བསྒྱུར་དགོས། དེའི་རིང་། ས་གནས་སྲིད་གཞུང་གིས་ལྟ་སྐུལ་དོ་དམ་གྱི་གཙོ་གཞིའི་འགན་འཁྲི་འཁུར་ཏེ་རྒྱལ་དབང་ནགས་རའི་ནགས་དཔོན་གྱི་འགན་ཁུར་པ་དང་པོ་བྱེད་པ་དང་། ནགས་རའི་དོ་དམ་སྲུང་སྐྱོབ་དང་ཁོངས་གཏོགས་ནགས་རྩྭ། འཕྲལ་བསྟུན་དང་སྤྱི་བདེ་བཅས་མཉམ་འགུལ་བྱེད་པའི་རྐྱེན་སྲོལ་བཙུགས་ནས། སྔོན་ལ་ཆ་རྐྱེན་འཚོམས་པའི་རྒྱལ་དབང་ནགས་ར་རུ་ཚོད་ལྟ་སྤེལ་བ་དང་། ཉམས་མྱོང་ཕུན་སུམ་ཚོགས་པ་བླངས་རྗེས་རིམ་བཞིན་རྒྱ་བསྐྱེད་པ། མེ་ཟོན་སྔོན་འགོག་དང་ཆུ་ལོག་སྔོན་འགོག། ས་གཤིས་གནོད་འཚེ་སྔོན་འགོག་སོགས་བདེ་འཇགས་དོ་དམ་འགན་འཁྲི་གཟབ་ནན་ཏུ་གཏོང་དགོས།

ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ས་གནས་སོ་སོས་ཚོད་ལྟའི་བྱ་བ་སྤེལ་བར་མཛུབ་ཁྲིད་བྱེད་པ་དང་། སྒོ་འབྱེད་ལག་བསྟར་ཇུས་གཞི་ཞིབ་ཕྲ་ཅན་དུ་གཏོང་བ། ངེས་པར་དུ་མཁོ་བའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དང་བདེ་འཇགས་འགན་སྲུང་སྒྲིག་ཆས་བཀོད་སྒྲིག་བྱེད་པ། དུས་ཐོག་ཏུ་སྤྱི་ཚོགས་ལ་ནགས་རའི་སྒོ་འབྱེད་དུས་ཚོད་དང་ཁྱབ་ཁོངས། མཉམ་འཇོག་བྱེད་དགོས་པའི་དོན་གནད་སོགས་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ། མང་ཚོགས་ཀྱིས་གོ་རིམ་ལྡན་པའི་ངང་ནགས་ཁུལ་ནས་བྱ་འགུལ་སྤེལ་བར་ཁྲིད་སྟོན་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  རྒྱལ་དབང་ནགས་རའི་སྐྱེ་ཁམས་ཞབས་ཞུའི་ནུས་པ་དང་འཕེལ་རྒྱས་གསོན་ཤུགས་སྐུལ་སློང་བྱེད་དགོས། 

ཤ་བོ་གསེར་མཚོས་བསྒྱུར།