
ཟླ9པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་གྱི2026ལོའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་ཉིན་མོའི་བརྗོད་དོན་བྱེད་སྒོ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་ཐང་ཆེན་དུ་སྤེལ། བྱེད་སྒོས“རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། བློ་གཅིག་སེམས་གཅིག་གིས་སྟོབས་ལྡན་གྱི་རྒྱལ་སྲུང་བསྐྲུན་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། མཚོ་དམག་མདོ་ལ་རི་བོའི་དམག་གྲུའི་དཔོན་དམག་འཐུས་མི་དང་། ཟི་ལིང་གྲོང་ཁྱེར་སོགས་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན། མཚོ་བྱང་དམག་ཡན་ལག་དམག་ཁུལ་གྱི་དཔོན་དམག་བྱེད་སྒོར་ཞུགས།
འགོ་རྩོམ་མཛད་སྒོའི་སྟེང་དུ། མཚོ་བྱང་ཁུལ་གྱིས་མཚོ་དམག་མདོ་ལ་རི་བོའི་དམག་གྲུར་ཀྲུང་གོའི་རྡུལ་ཕྲན་གྲོང་གི“མདེལ་གཉིས”ཀྱི་དཔེ་དབྱིབས་ཕུལ་ནས། མཐོ་སྒང་མི་དམངས་ཀྱིས་དམག་གྲུ་མཚོ་ངོས་སུ་བསྐྱོད་དེ་མཚོ་མཚམས་སྲུང་སྐྱོང་བྱེད་པར་སྨོན་འདུན་བཟང་པོ་ཞུས། མཚོ་དམག་གི་མདོ་ལ་རི་བོའི་དམག་གྲུས་མཚོ་བྱང་ཁུལ་ལ་དམག་གྲུའི་དཔེ་དབྱིབས་ཕྱིར་སྤྲད་དེ། དམག་གྲུ་དང་ས་གནས་བར་གྱི་བསམ་པ་གཅིག་འབྲེལ་དང་དམག་དཔུང་དང་ས་གནས་བར་གྱི་མཛའ་བརྩེ་ཟབ་མོར་བདེན་དཔང་བྱས། དེ་རྗེས་ཞབས་བྲོ་དང་ཟློས་གར། གླུ་གཞས་སོགས་ཀྱི་ལེ་ཚན་རེས་མོས་ཀྱིས་འཁྲབ་སྟོན་བྱས་ནས། མི་སེམས་འགུལ་བའི་རྣམ་པ་རེ་རེ་ཡིས་གཟི་བརྗིད་ལྡན་པའི་ལོ་ཟླར་ཕྱིར་མིག་བལྟས་ཏེ། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་བརྒྱུད་བསྒྲགས་བྱས་པར་བརྟེན། ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་ཤིང་། ཡུལ་དངོས་སུ་ད་དུང་ཀྲུང་གོའི་རྡུལ་ཕྲན་མཁར་གྱི་ལོ་རྒྱུས་པར་རིས་འགྲེམས་སྟོན་དང་། མཚོ་བྱང་ཁུལ་རྒྱལ་སྲུང་སློབ་གསོའི་གྲུབ་འབྲས་འགྲེམས་སྟོན། དམར་དམག་རྒྱང་སྐྱོད་ཀྱི་བརྗོད་དོན་སྐོར་སྐྱོད་འགྲེམས་སྟོན་བཅས་བཀོད་སྒྲིག་བྱས་ནས། གསར་བརྗེའི་ལོ་རྒྱུས་དང་རྒྱལ་སྲུང་འཛུགས་སྐྲུན་གྱི་གྲུབ་འབྲས་ཆེན་པོ་གཅིག་སྡུད་སྒོས་འགྲེམས་སྟོན་བྱས།
ཐེངས་འདིའི་བྱེད་སྒོའི་ཁྲོད། དམངས་ཡོངས་ཀྱིས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བྱེད་པའི་བརྩེ་དུང་ཟབ་མོ་དང་། བདེ་སྡོད་ཉེན་བསམ་གྱི་འདུ་ཤེས། དམག་དཔུང་ལ་བརྩི་བཀུར་དང་དྲག་རྩལ་དར་སྤེལ་གཏོང་བའི་བསམ་བློའི་འདུ་ཤེས། རྒྱལ་ཁབ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འགན་འཁྲིའི་འདུ་ཤེས་བཅས་མངོན་སུམ་ཇེ་དྲག་ཏུ་བཏང་། རྒྱལ་སྲུང་ལ་སེམས་ཁུར་དང་རྒྱལ་སྲུང་ལ་དགའ་ཞེན། རྒྱལ་སྲུང་འཛུགས་སྐྲུན། རྒྱལ་སྲུང་སྲུང་སྐྱོབ་བཅས་སྤྱི་ཚོགས་ལས་རིགས་སོ་སོའི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཐུན་མོང་གི་བྱ་སྤྱོད་དུ་འགྱུར་བར་འབད་དགོས། རང་རེའི་ཞིང་ཆེན་གྱིས་ཆབ་སྲིད་ཀྱི་གནས་བབ་སྔར་ལས་མཐོ་བའི་ཐོག་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པའི་རྒྱལ་སྲུང་སློབ་གསོའི་རྣམ་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། གཉིས་བཀུར་མཉམ་སྐྲུན་ཟབ་སྤེལ་གཏོང་བ། དམག་སྲིད་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། གཙོ་གནད་ཚོགས་སྤྱིར་དམིགས་ཏེ་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ། རྒྱལ་སྲུང་སློབ་གསོའི་ཤུགས་རྐྱེན་མུ་མཐུད་ཆེ་རུ་གཏོང་བ། རྒྱལ་སྲུང་སློབ་གསོ་སྡེ་ཁུལ་དང་ཁེ་ལས། གྲོང་གསེབ། དྲ་རྒྱ་བཅས་སུ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་སུ་དམག་དཔུང་ལ་བརྩི་བཀུར་དང་དྲག་རྩལ་དར་སྤེལ་གཏོང་བའི་རྣམ་པ་བཟང་བོ་བསྐྲུན་ཏེ། མཐོ་སྒང་གི་ས་གཞི་ཆེན་པོའི་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་དམག་དཔུར་དར་རྒྱས་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།