ཉིན་གཅིག་ལ་ཡུལ་སྐོར་བ་མི་ཐེངས་ཁྲི་གཅིག་སྟོང་གསུམ་ལྔ་བརྒྱ་ལ་སྣེ་ལེན་བྱས་པ་དང་། མདོ་ལ་རྫོང་གིས་བྱེད་ཐབས་མང་པོ་སྤྱད་དེ་ཡུལ་སྐོར་བ་ཞག་སྡོད་བྱེད་དཀའ་བའི་གནད་དོན་སེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ད་ལོའི་རྒྱལ་སྟོན་དུས་ཆེན་སྐབས། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་འགྲུལ་བ་ཆེས་མང་པོའི་དུས་འཚམས་སུ་སླེབས། ཟླ10པའི་ཚེས1ནས་ཚེས4ཉིན་བར། རྫོང་ཡོངས་སུ་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་འབུམ་གཅིག་དགུ་སྟོང་ཆིག་བརྒྱ་ལྷག་སྣེ་ལེན་བྱས་ཤིང་། སྐར་མ་རིམ་པའི་མགྲོན་ཁང་དུ་ཞག་སྡོད་བྱས་ཚད་བརྒྱ་ཆའི་བརྒྱ་ཟིན་པ་དང་། ཉལ་ཁྲི་ཁྲི་གཉིས་སྟོང་ལྷག་ཡོངས་སུ་ཁེངས་པས། སྡོད་ཁང་མཁོ་སྤྲོད་བྱེད་དཀའ་བའི་གནས་སུ་གྱུར། སྡོད་ཁང་གི་དགོས་མཁོ་ལ་གཞིགས་ཏེ། མདོ་ལ་རྫོང་གིས་འཕྲལ་བསྟུན་བཀོད་འདོམས་ལམ་སྲོལ་མྱུར་དུ་ལག་བསྟར་བྱས་ཏེ། ཡུལ་སྐོར་འགྲུལ་བ་ཆིག་སྟོང་དོན་གཉིས་ཀྱི་སྡོད་གནས་གནད་དོན་ཐག་གཅོད་བྱས་ཡོད། 

མདོ་ལ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཟླ10པའི་ཚེས4ཉིན། མདོ་ལ་རྫོང་གིས་ཉིན་གཅིག་ལ་ཡུལ་སྐོར་བ་མི་ཐེངས་ཁྲི་བཞི་སྟོང་གསུམ་ལྔ་བརྒྱ་སྣེ་ལེན་བྱས་པ་དང་། དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི245དང་གྲངས་ཆུང23འཕར་ཡོད། ཡུལ་སྐོར་ཡོང་འབབ་སྒོར་བྱེ་བ་གཅིག་ས་ཡ་བརྒྱད་འབུམ་བཞི་སྟོང་གཅིག་མངོན་འགྱུར་བྱུང་བ་དང་། དེ་ན་ནིང་གིས་དུས་མཚུངས་ལས་བརྒྱ་ཆའི249དང་གྲངས་ཆུང37འཕར་ཡོད། འགྲུལ་པ་ཆེས་མང་བའི་སྐབས་སུ། མདོ་ལ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ལ་ཁྱོན་སྡོམས་རོགས་སྐྱོར་ཁ་པར552འབྱོར་བ་དང་། ཡུལ་སྐོར་བ་མི1072དང་འབྲེལ་བ་ཡོད།

ཡུལ་སྐོར་བའི་སྡོད་གནས་ལ་འགན་སྲུང་བྱེད་ཆེད། མདོ་ལ་རྫོང་གིས་འཕྲལ་རྐྱེན་བཀོད་སྒྲིག་ལམ་ལུགས་ལག་བསྟར་བྱས་པ་སྟེ། ཕྱོགས་གཅིག་ནས་གནས་སྐབས་གྲ་སྒྲིག་ཉལ་ཁྲི་བེད་སྤྱོད་བྱས་ཏེ་མི516བཀོད་སྒྲིག་བྱས་པ་དང་། ཕྱོགས་གཞན་ཞིག་ནས་མགྲོན་ཁང་དང་དམངས་ཤག་ཕྱིར་འཐེན་པའི་ཁང་པ་བེད་སྤྱད་བྱས་ནས། གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ལེན་ས་ཚིགས་དང་འབྲོག་ཁྱིམ་སྤྲོ་སྐྱིད་གླིང་ལ་སྐུལ་སློང་བྱས་ཏེ། ཉལ་ཁྲི་སྟོང་པ་འདོན་སྤྲོད་བྱས་པ་མ་ཟད། ཡུལ་སྐོར་བ་ཁག་ཅིག་ཉེ་འཁོར་ས་ཁུལ་དུ་འགྲོ་རྒྱུར་ཁྲིད་སྟོན་བྱས་ཏེ། ཡུལ་སྐོར་བ556གི་སྡོད་གནས་བཀོད་སྒྲིག་བྱས། 

མ་འོངས་པར། མདོ་ལ་རྫོང་གིས་གུང་གསེང་སྐབས་ཀྱི་ཡུལ་སྐོར་ཞབས་ཞུའི་འགན་སྲུང་དང་འགུལ་རྣམ་བཀོད་གཏོང་མུ་མཐུད་དུ་ལེགས་པོར་སྒྲུབ་ནས། ཡུལ་སྐོར་ཁྲོམ་ར་བརྟན་ལྷིང་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱས། ད་ལྟའི་བར་དུ། ས་གནས་དེ་གར་སྡོད་ཁང་གི་གནད་དོན་རྐྱེན་གྱིས་གཏུག་བཤེར་དང་བདེ་འཇགས་དོན་རྐྱེན་ཚབས་ཆེན་གང་ཡང་བྱུང་མེད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།

​