མཚོ་སྔོན་ཐུན་རིན་གྲོང་ཁྱེར་གྱིས་ལོ་ལོན་རྒན་པའི་ཚེ་མཇུག་སྐྱིད་པོ་ཡོང་བར་སྲུང་སྐྱོང་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱིས་ལོ་ལོན་རྒན་པའི་མི་ཚོགས་ལ་ཁ་གཏད་གང་ལེགས་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་ནན་མོ་བྱས་ཏེ། མཁར་གྲོང་གི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་ཇེ་དམ་དུ་བཏང་ནས། ལོ་ལོན་གྱི་བདེ་སྐྱིད་ལྡན་པའི་ཚེ་མཇུག་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས། ཟླ9པའི་ཚེས30ཉིན་གྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། ཐུན་རིན་གྲོང་ཁྱེར་གྱིས་དམིགས་བསལ་ལོ་ལོན་མི་ཚོགས2854ལ་སྒོ་ཁར་ལྟ་སྐྱོང་དང་བདེ་ཐང་སླར་གསོའི་ནད་སྐྱོང་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ནས། ཁྱོན་བསྡོམས་མི་ཐེངས་ཁྲི་བཞི་དང་སྟོང་ལྔ་དྲུག་བརྒྱར་ཞབས་ཞུ་བསྒྲུབས།

ཐུན་རིན་གྲོང་ཁྱེར་གྱིས་བདེ་འཇགས་དང་མ་དངུལ་འགན་སྲུང་གི་ཚད་མཐའ་ནན་སྲུང་བྱས་ཏེ། མ་དངུལ་སྒོར་འབུམ་དྲུག་དང་ཁྲི་གཉིས་སྟོང་གཅིག་གཅིག་གྱུར་འཆར་འགོད་བྱས་ནས། རྒན་གསོ་ཁང་གི་སྒྲིག་ཆས་སྤུས་ཚད་སྔར་ལས་ཇེ་ལེགས་སུ་བཏང་། རྒྱུན་རྣམ་ཅན་གྱི་སྒོ་ནས་འཕྲལ་བསྟུན་ནང་སྦྱོང་བྱེད་པ་དང་། དུས་ཚོད24ཡི་ལས་རེས་ལམ་ལུགས་དོན་འཁྱོལ་བྱས་ཏེ། རྒན་གསོའི་བདེ་འཇགས་དོ་དམ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། མ་དངུལ་འགན་སྲུང་ཐད་ཐུན་རིན་གྲོང་ཁྱེར་གྱིས་དམིགས་བསལ་དཀའ་ངལ་ཡོད་པའི་ལོ་ལོན་ལ་ལྟ་སྐྱོང་དང་ནད་སྐྱོང་གི་ཚད་གཞི་ཞིབ་ཕྲ་བཟོས་ནས། རྒན་གསོའི་ཁ་གསབ་སྣ་ཚོགས་གནད་འཁེལ་ངང་བྱིན་པ་དང་། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་བསྡོམས་རྩིས་བྱས་ན། དམིགས་བསལ་དཀའ་ངལ་ཡོད་པའི་ལོ་ལོན་དང་ལོ་ན་ཆེ་བའི་ལོ་ལོན་ལ་ཁ་གསབ་སྣ་ཚོགས་སྒོར་ས་ཡ་བརྒྱད་ལྷག་བྱིན་པ་དང་། སྡེ་ཁག་མང་པོའི་གཞི་གྲངས་ཕན་ཚུན་བསྡུར་བའི་རྐྱེན་སྲོལ་བཙུགས་ནས། དམངས་ཕན་མ་དངུལ་གནད་འཁེལ་ངང་དོན་འཁྱོལ་ཐུབ་པར་འགན་ལེན་བྱས།

ལོ་ལོན་མི་ཚོགས་ཀྱི་དགོས་མཁོར་དམིགས་ཏེ། ཐུན་རིན་གྲོང་ཁྱེར་གྱིས་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ཡོད། ལོ་ལོན་གྱི་ཟ་མ་ཟ་བའི་རམ་འདེགས་ཞབས་ཞུའི་དྲ་རྒྱ་བཀོད་སྒྲིག་བྱས་ནས། ཟ་མ་ཟ་བར་རམ་འདེགས་བྱེད་ས་དང་བདེ་སྐྱིད་ཟ་ཁང་མང་པོ་བསྐྲུན་ཡོད། “སྒྲིག་གཞི་དང་སྡེ་ཁུལ། ཁྱིམ་སྡོད། ”བཅས་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། ཆེད་ལས་ཞབས་ཞུའི་སྒྲིག་གཞི་ནང་འདྲེན་བྱས་ཏེ། མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་གཅིག་བཏང་ནས། སྡེ་བ་རིམ་པའི་བདེ་སྐྱིད་ཁང་རིམ་སྤོར་དང་དཀའ་ངལ་ཡོད་པའི་ལོ་ལོན་ཁྱིམ་ཚང་བརྒྱ་ཡི་ཁྱིམ་སྡོད་བསྒྱུར་བཀོད་ལ་སྐུལ་འདེད་བཏང་སྟེ། ལོ་ལོན་གྱི་ཁྱིམ་སྡོད་འཚོ་བ་སྟབས་བདེ་ཅན་དང་བདེ་འཇགས་རང་བཞིན་མངོན་སུམ་ཇེ་མཐོར་བཏང་ཡོད།

གཞན་ཡང་ཐུན་རིན་གྲོང་ཁྱེར་གྱིས་དཔུང་སྡེ་འཛུགས་སྐྲུན་དང་ཁེ་དབང་འགན་སྲུང་ལ་ཤུགས་བསྣན་ཏེ། རྒན་གསོའི་ནད་སྐྱོང་ཆེད་ལས་གསོ་སྦྱོང་བྱས་ནས། ཡུལ་དངོས་དང་པོའི་ཞབས་ཞུའི་ཆེད་ལས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་ཡོད། རྒན་གསོའི་ཁྱབ་ཁོངས་ཀྱི་ཉེན་བརྡའི་སློབ་གསོ་དང་རྒན་གསོའི་མགོ་གཡོག་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་དྲིལ་སྒྲོག་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ། ལས་ཞུགས་མི་སྣའི་སྤྱོད་གཙང་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་དང་། ལོ་ལོན་གྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ། རྒན་གསོའི་ཞབས་ཞུའི་དམངས་འཚོའི་རང་མདངས་ཕྱོགས་ཡོངས་ནས་ཇེ་གསལ་དུ་བཏང་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།