
ཟླ10པའི་ཚེས8ཉིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་བསྡུ་ཅུས་ཀྱི་གནས་ཚུལ་ལྟར་ན། ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་པ་དང་། ནུས་ཤུགས་ཡོད་རྒུས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲལ་དང་ཐོན་ཁུངས་ཀྱི་ཁྲལ། རྨོ་ཞིང་བདག་བཟུང་ཁྲལ་སོགས་ཁྲལ་མང་མཉམ་བཅོས་དང་ཁྲལ་བསྡུའི་གཟིགས་སྐྱོང་བྱེད་ཐབས་མང་པོ་མཉམ་སྤྱོད་ཀྱི་ལྗང་མདོག་ཁྲལ་བསྡུའི་མ་ལག་བསྐྲུན་ནས། ཁྲལ་བསྡུ་སྙོམས་སྒྲིག་ཚད་གཞི་དེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ཁུངས་གཅིག་བསྡུས་བེད་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁེབས་པར་བྱ་རྒྱུ་རེད།
ཕྱོགས་གཅིག་ནས། ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲལ་ལ་ཕྱིར་གཏོང་ཚད་མང་ན་ཁྲལ་མང་བ་དང་། ཕྱིར་གཏོང་ཚད་ཉུང་ན་ཁྲལ་ཉུང་བ། མེད་ན་ཁྲལ་མེད་པ་བཅས་ཀྱི་ཚོད་འཛིན་སྐུལ་ལྕག་རྐྱེན་སྲོལ་གྱི་ནུས་པ་བཏོན་ནས། ཁེ་ལས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་རྩལ་སྒྱུར་བཅོས་དང་སྒྲིག་ཆས་རིམ་སྤོར། བཙོག་བཅོས་བསྒྱུར་བཀོད་བཅས་ལ་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་བཙོག་འབུད་ཁེ་ལས་ཀྱིས་ཁོར་སྲུང་སྒྲིག་ཆས་རིམ་སྤོར་དང་སྦགས་བཙོག་རྫས་ཕྱིར་གཏོང་ཚད་དང་གར་ཚད་ཇེ་ཉུང་དུ་བཏང་བས། ཁྲལ་བསྡུའི་གོང་གཅོག་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་གཉིས་བཅས་བཀོལ་སྤྱོད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱིས་ལས་རིགས་གཙོ་བོའི་སྦགས་བཙོག་རྫས་ཕྱིར་གཏོང་ཚད་བརྟན་པོའི་ངང་ཇེ་ཉུང་དུ་འགྲོ་བར་སྐུལ་འདེད་བཏང་ཞིང་། ཁེ་ལས་ཀྱིས་ལྗང་མདོག་བསྒྱུར་སྐྲུན་ལག་བསྟར་དང་ཐཱན་ཉུང་ཚུལ་སྒྱུར་གྱི་བརྩོན་སེམས་རང་བཞིན་སྔར་ལས་ཇེ་མཐོར་འགྲོ་བར་སྐུལ། དེ་དང་མཉམ་དུ། ས་གནས་ཀྱི་ཁྲལ་བསྡུའི་ཁྲིམས་བཅད་དབང་བཅོལ་བེད་སྤྱོད་ལེགས་པོ་བྱས་པ་དང་། ཚྭ་མཚོ་དང་མདོག་ལྡན་ལྕགས་རིགས་སོགས་མཐོ་སྒང་གི་ཁྱད་ལྡན་ཐོན་ཁུངས་ལ་དམིགས་ནས། གཏེར་རྡོ་དང་སྙིགས་རོའི་ཐོན་ཁུངས་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་གནད་འཁེལ་གྱིས་དངོས་འབེབས་དང་། ཚྭ་མཚོ་དང་གཏེར་རིའི་ཁེ་ལས་ཀྱིས་ཕྱོགས་བསྡུས་བེད་སྤྱོད་ལ་ཤུགས་སྣོན་དང་སྐྱེ་ཁམས་སླར་གསོའི་ཐད་འགྲོ་སོང་མང་དུ་གཏོང་བར་ཁྲིད་སྟོན་བྱས་ནས། གཏེར་ཐོན་ཐོན་ཁུངས་དེ་ཐད་ཀར་སྔོག་འདོན་ནས་འཁོར་སྐྱོད་གཅིག་བསྡུས་བེད་སྤྱོད་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་། ཐོན་ཁུངས་ཁྲལ་ཁྲིམས་ལག་བསྟར་བྱས་པའི་ཚུན་ལ། ཞིང་ཆེན་ཡོངས་སུ་བསྡོམས་པས་ཁྱིམ་ཚང་སྟོང་གཅིག་དང་ང་གསུམ་གྱི་ཁྲལ་འཇལ་བར་ཐོན་ཁུངས་ཁྲལ་གྱི་གཟིགས་སྐྱོང་མི་འདྲ་སྣ་ཚོགས་སྒོར་དུང་ཕྱུར་དྲུག་དང་བྱེ་བ་ལྔ་ཐོབ་པར་བརྟེན། གཏེར་རི་ཁེ་ལས་ཀྱིས་ཐད་ཀར་སྔོག་འདོན་གྱི་རྣམ་པ་དོར་བར་ནུས་ལྡན་གྱིས་ཁྲིད་སྟོན་བྱས་པ་དང་། སྙིགས་རོ་འཁོར་སྐྱོད་བེད་སྤྱོད་ལ་འབད་པས་སྐུལ་འདེད་བཏང་སྟེ། ཐོན་ཁུངས་རྣམ་པའི་ཐོན་ལས་དེ་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་སྐུལ།
ཕྱོགས་གཞན་ནས། སྡེ་ཁག་བརྒལ་བའི་མཐུན་སྦྱོར་མཉམ་བཅོས་ཟབ་སྤེལ་དང་། ནོར་སྲིད་དང་སྐྱེ་ཁམས་ཁོར་ཡུག རང་བྱུང་ཐོན་ཁུངས། ཆུ་བེད་སོགས་སྡེ་ཁག་གིས་རྒྱུན་རྣམ་ཅན་གྱི་ཆ་འཕྲིན་མཉམ་སྤྱོད་རྐྱེན་སྲོལ་བཙུགས་ནས། ཁྲལ་དང་འབྲེལ་བའི་གཞི་གྲངས་བརྗེ་རེས་བརྒྱུད་ལམ་གེགས་མེད་ཡོང་བར་བྱས་ལ། ཁྲལ་དོན་དོ་དམ་དང་ཁེ་ལས་ཀྱིས་རེ་ཞུ། ཁོར་སྲུང་ལྟ་ཞིབ། ཆ་འཕྲིན་མཉམ་སྤྱོད། མཉམ་ལས་མཉམ་བཅོས་བཅས་ཀྱི་རྣམ་པ་དངོས་འབེབས་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲལ་དང་ཆུའི་ཐོན་ཁུངས་ཀྱི་ཁྲལ་བསྡུ་དོ་དམ་རྨང་གཞི་ཇེ་བརྟན་དུ་བཏང་། དེ་དང་མཉམ་དུ། ལྗང་མདོག་ཁྲལ་གྲོན་གཟིགས་སྐྱོང་གནད་འཁེལ་གྱིས་སྐྱེལ་བ་དང་། ཕྱིར་གཏོང་ཚད་ཉུང་བའི་ཁེ་ལས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲལ་བསྡུ་ཚད་ཇེ་ཉུང་དང་ཁྲལ་སྤྲོད་མི་དགོས་པ་ལག་ཏུ་བསྟར་ཞིང་། གཏེར་ཐོན་ཕྱོགས་བསྡུས་ཀྱིས་བེད་སྤྱོད་པར་ཐོན་ཁུངས་ཁྲལ་གྱི་གཟིགས་སྐྱོང་དངོས་འབེབས་བྱས་ཏེ། སྦགས་བཙོག་ཉུང་གཏོང་དང་བཙོག་བཅོས། ཐོན་ཁུངས་གྲོན་ཆུང་བཅས་ཀྱི་ཁེ་ལས་ཀྱིས་སྲིད་ཇུས་ཀྱི་གཟིགས་སྐྱོང་དངོས་སུ་སྤྱོད་ཐུབ་པར་བྱས་ལ། ཁྲོམ་རའི་གཙོ་གཞིས་རང་འགུལ་གྱིས་ལྗང་མདོག་ཐོན་སྐྱེད་ལག་ཏུ་བསྟར་བར་སྐུལ་བ་དང་། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ཁྲལ་དོན་གྱི་སྟོབས་ཤུགས་ཕུལ།
ལྷ་མོ་འཚོས་བསྒྱུར།