གཅིག་སྒྲིལ་རྫོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་ཆེད་དོན་སྒྲོག་བཤད་བྱས། 
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་པ་དང་སྒྱུར་བཅོས་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་ཐིག་དམ་པོར་འཛིན་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་ཉེ་ཆར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་མུ་འབྲེལ་ཆེད་དོན་སྒྲོག་བཤད་ཐེངས་བཅུ་གསུམ་རྩ་འཛུགས་བྱས་ཏེ། ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་དང་འབྲོག་པ་མང་ཚོགས། དེ་མིན་སྤྱི་ཚོགས་ཚོགས་པ་བཅས་མི་སྟོང་བརྒྱད་ལྷག་ལ་ཁེབས་པར་བྱས།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཱ་ཞུའུ་ཏུང་གདན་ཞུ་བྱས་ནས་རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་རྒྱ་སྐྱེད་ཆེད་དོན་སློབ་སྟོན་ཚོགས་འདུའི་སྟེང་སློབ་ཁྲིད་བྱེད་དུ་བཅུག་པ་དང་། གཞི་རིམ་གྱི་མི་རིགས་བྱ་བར་ཟུང་འབྲེལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་ནང་དོན་གཙོ་བོ་འགྲེལ་བཤད་བྱས་ཏེ། ལས་བྱེད་པས་ཁྲིམས་སྐྱོང་འདུ་ཤེས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་བསྐྱོད་པ་བཅུའི་བྱེད་སྒོ་དང་། གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་སྤེལ་བཅས་ཀྱི་ཁྲོད་འདྲེས་པར་ཁྲིད་སྟོན་བྱས་ནས། གཞི་རིམ་ལས་བྱེད་པའི་ཁྲིམས་མཐུན་འགན་སྒྲུབ་ནུས་པ་ཇེ་མཐོར་བཏང་། ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་དགེ་རྒན་ཆེན་མོ་རྡོ་རྗེ་དབང་ཕྱུག་གདན་ཞུ་བྱས་ནས་གཞི་རིམ་ལས་བྱེད་པ་དང་འབྲོག་པ་མང་ཚོགས་ལ་ཁྲིམས་ལུགས་དོན་ཚན་གོ་བདེའི་ངང་འགྲེལ་བཤད་བྱེད་དུ་བཅུག་པ་དང་། མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་མཉམ་འདྲེས་དང་ཁྱིམ་མཚེས་འཆམ་མཐུན་སོགས་ཀྱི་ནང་དོན་འགྲེལ་བཤད་བྱས་ཏེ། ལས་བྱེད་མང་ཚོགས་ཀྱིས་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་བྱ་ར་ཁྲིད་སྟོན་བྱས།

ཐེངས་འདིའི་རིམ་དབྱེ་རིགས་དབྱེའི་སྒྲོག་བཤད་ནི་ཚོགས་པ་མི་འདྲ་བའི་སློབ་སྦྱོང་གི་དགོས་མཁོར་གནད་འཁེལ་སྦྲེལ་མཐུད་བྱས་ལ། ལས་ཁུངས་དང་གྲོང་གསེབ་སོགས་ཀྱི་དྲིལ་སྒྲོག་བརྒྱུད་ལམ་གེགས་མེད་ཡོང་བར་བྱས་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གསར་སྐྲུན་གྱི་གྲུབ་འབྲས་སྔར་ལས་ཇེ་བརྟན་དུ་བཏང་སྟེ། མི་རིགས་བྱ་བ་ཁྲིམས་སྐྱོང་ཅན་གྱིས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་དང་། གཅིག་སྒྲིལ་གྱི་སྤྱི་ཚོགས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བསམ་བློདང་ཁྲིམས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་བཏང་།

ལྷ་མོ་འཚོས་བསྒྱུར།  





​