
ཟླ10པའི་ཚེས13ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་གསེབ་དང་གྲོང་རྡལ་གྱི་གཅིག་བསྡུས་དྲོད་འདོན་སྲོལ་ཡིག་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་མཛོད་ཁུལ་དོ་དམ་སྲོལ་ཡིག་གཉིས་ཁྱབ་བསྒྲགས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། ས་གནས་རང་བཞིན་གྱི་རང་སྐྱོང་སྲོལ་ཡིག་གཉིས་ཀྱི་ཁྲིམས་འཛུགས་རྒྱབ་ལྗོངས་དང་གཏན་འབེབས་བརྒྱུད་རིམ། ནང་དོན་གཙོ་བོ་བཅས་ངོ་སྤྲོད་བྱས་པ་དང་། དེས་ས་གནས་ཀྱི་དྲོད་འདོན་དམངས་འཚོའི་འགན་སྲུང་དང་ཆུ་མཛོད་ཁུལ་བཅོས་སྐྱོང་བྱ་བ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་དུས་རིམ་གསར་བར་སླེབས་པ་མཚོན།
སྲོལ་ཡིག་གཉིས་ཀ་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་བཅོས་སྒྱུར་ལ་གནད་འཁེལ་གྱིས་དམིགས་ཡོད། དེའི་ཁྲོད། ཆུ་མཛོད་ཁུལ་དོ་དམ་སྲོལ་ཡིག་དེ་ཟླ11པའི་ཚེས1ཉིན་ནས་བཟུང་ལག་ཏུ་བསྟར་རྒྱུ་ཡིན་ལ། མཛོད་ཁུལ་གྱི་བདེ་འཇགས་དང་སྐྱེ་ཁམས་སྲུང་སྐྱོབ། ལུགས་མཐུན་སྔོག་འདོན་དང་ལམ་ལུགས་སྒྲོམ་གཞི་ཆ་ཚང་འཛུགས་པ་བཅས་ལ་དམིགས་ནས། ཁུལ་དང་རྫོང་། ཞང་། སྡེ་བ་བཅས་རིམ་པ་བཞི་མཉམ་འགུལ་དོ་དམ་གྱི་མ་ལག་བཙུགས་ཤིང་། རིམ་པ་སོ་སོའི་དོ་དམ་འགན་འཁྲི་དངོས་འབེབས་བྱས། བདེ་འཇགས་འགན་འཁྲི་མི་སྣ་ཡོངས་བསྒྲགས་དང་། རིག་ནུས་ལྟ་ཞིབ་ཚད་ལེན་སྐོར་བཤེར། ས་གཤིས་གནོད་འཚེ་སྔོན་བརྡ། ཆུར་མི་བྱིང་བའི་ཉེན་བརྡ་གཏོང་བ་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་དེ་མཛོད་ཁུལ་གྱི་བདེ་འཇགས་འགོག་སྲུང་དྲ་རྒྱ་བཟོས། མཛོད་ཁུལ་གྱི་བཀག་སྡོམ་བྱ་སྤྱོད་ཀྱི་གསལ་ཐོ་ཁ་གསལ་བཟོས་པ་དང་། ཞིང་ལས་ཀྱི་འགོ་ཁུངས་སྦགས་བཙོག་ཚོད་འཛིན་ནན་མོ་བྱས་ལ། རྒྱུན་རྣམ་ཅན་གྱིས་ཆུ་སྤུས་ལྟ་ཞིབ་ཚད་ལེན་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུའི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱས། ཆུ་མཛོད་བདེ་འཇགས་དང་ཞོད་འགོག་སྙོམས་གསོག་གི་རྒྱུན་སྐྱོང་བའི་སྔོན་འགྲོའི་འགོ་ཚན་རིག་དང་མཐུན་པའི་སྒོ་ནས་མཛོད་ཁུལ་གསར་འབྱེད་ཀྱི་བྱེད་སྒོ་ཚད་ལྡན་ཏུ་བཏང་བ་དང་། སྐྱེ་ཁམས་སླར་གསོ་གཅིག་འདོམས་བྱས་ཏེ། སྲུང་སྐྱོབ་དང་གསར་འབྱེད་གཉིས་མཐུན་སྦྱོར་འཕེལ་རྒྱས་བཏང་། གྲོང་གསེབ་དང་གྲོང་རྡལ་གྱི་གཅིག་བསྡུས་དྲོད་འདོན་སྲོལ་ཡིག་དེ2026ལོའི་ཟླ9པའི་ཚེས1ཉིན་ནས་བཟུང་ལག་ཏུ་བསྟར་བ་དང་། དྲོད་འདོན་དུས་ཡུན་ཟླ6ལས་མི་ཉུང་བ་གཏན་ལ་ཁེལ་ཞིང་། ཐལ་དྲགས་པའི་དྲོད་ཚད་དམའ་བའི་ནམ་ཟླར་འཕྲད་ཚེ་དྲོད་འདོན་ཚད་ཀྱི་དུས་ཚོད་བབ་བསྟུན་གྱིས་བཀོད་སྒྲིག་བྱས་ཆོག་ལ། སྡོད་དམངས་ཀྱི་སྡོད་ཁང་གི་དྲོད་ཚད་ཏུའུ20ལས་མི་དམའ་བ་གཏན་འཁེལ་དང་། དྲོད་ཚད་འཇལ་བ་དང་རིན་གོང་ཕྱིར་སློག་པའི་འབྲེལ་ཡོད་སྒྲིག་སྲོལ་ཞིབ་ཕྲར་བཟོས། སྨན་ཁང་དང་སློབ་གྲྭ། རྒན་གསོའི་ལས་ཁུངས་བཅས་སུ་དམིགས་བསལ་གྱི་དྲོད་འཁོལ་འགན་སྲུང་ལག་ཏུ་བསྟར་བ་དང་། དཀའ་ཁག་ཡོད་པའི་ཚོགས་པར་དྲོད་འདོན་གྱི་ཁ་གསབ་དངུལ་དངོས་འབེབས་བྱས་ནས། མང་ཚོགས་ཀྱི་དྲོད་འདོན་རེ་འདུན་དེ་ཁྲིམས་བཅད་ཁེ་དབང་དུ་བྱས། དེ་དང་མཉམ་དུ། དྲོད་ཁུངས་དོ་དམ་དྲ་རྒྱ་དང་སྤྱི་བའི་དྲོད་འདོན་སྒྲིག་ཆས། ཁང་པའི་སྒྲིག་ཆས་དོ་དམ་འགན་འཁྲི་བཅས་གསལ་བོར་བྱས་ཏེ། ས་འོག་ཚ་ནུས་དང་ཉི་ནུས་སོགས་དག་གཙང་ནུས་ཁུངས་ཀྱིས་དྲོད་འདོན་པར་སྐུལ་མ་བཏང་ཞིང་། དྲོད་འདོན་ལས་ཁུངས་ཀྱི་ཆུ་ཚོད་ཉེར་བཞིའི་ཞབས་ཞུའི་ཁ་པར་དང་འཕྲལ་བསྟུན་ཞིག་གསོའི་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱས་ཏེ། དྲོད་འདོན་དང་དྲོད་ལེན་ཕྱོགས་གཉིས་ཀའི་བྱ་སྤྱོད་ཕན་ཚུན་ཚོད་འཛིན་བྱས་པ་དང་། ཁྲིམས་སྐྱོང་བྱ་སྤྱོད་ལ་བརྟེན་ནས་མང་ཚོགས་ཀྱིས་དྲོད་འཁོལ་ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་འགན་ལེན་བྱས།
ལྷ་མོ་འཚོས་བསྒྱུར།