རྐང་གྲུག་གཅིག་གིས་རི་ཆུ་སྦྲེལ་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཐུན་སྦྱོར་གྱི་སྟོབས་ཤུགས་དང་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་གཅིག་ཏུ་བསྡུས། “མཚོ་སྐྱོར་བུམ་པའི”རྐང་གྲུག་གདན་ཞུའི་འགྲན་སྡུར་སྐབས་དང་པོ་ནི་ལུས་རྩལ་རྩལ་འགྲན་ཐེངས་ཤིག་ཡིན་པ་མ་ཟད། ཤར་ནུབ་རྒྱུད་ལག་གདང་མཉམ་སྦྲེལ་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད། པེ་ཅིང་དང་ཐེན་ཅིན། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་ཀྱིས་ལེ་དབར་སྟོང་གི་ཕྱི་རོལ་གྱི་ཐོན་ཁུངས་དང་ལག་རྩལ། འཇོན་མི་བཅས་མཐོ་སྒང་དུ་ཁྲིད་དེ། ཐོན་ལས་དང་སློབ་གསོ། སྨན་བཅོས་བཅས་ཀྱི་ཁྱབ་ཁོངས་སོ་སོར་བསྲིངས་ནས། མཐོ་སྒང་གི་ས་གཞི་ཆེན་མོ་རུ་མཚོ་སྔོན་ལ་རོགས་སྐྱོར་གྱི་ངོ་མཚར་རྒྱུགས་ལན་མུ་མཐུད་དུ་བྲིས།
ཐེངས་འདིའི“མཚོ་སྐྱོར་བུམ་པའི”རྐང་གྲུག་གདན་ཞུའི་འགྲན་སྡུར་གྱིས་རྐང་གྲུག་སྦྲེལ་ཟམ་བྱས་ལ། འགྲན་སྡུར་ལས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། ཤར་ནུབ་རྒྱུད་ཀྱི་བརྗེ་རེས་མཉམ་འདྲེས་གཏིང་ཟབ་བྱེད་པའི་ལས་སྟེགས་གསར་པ་བསྐྲུན། ཅང་སུའུ་ཞུས་ཀྲོའུ་དང་ཀྲེ་ཅང་ཐའེ་ཀྲོའུ། ཧྲན་ཏུང་ལིའོ་ཁྲེང་། མཚོ་སྔོན་མཚོ་ཤར་བཅས་ཀྱི་དཔུང་ཁག་བཞིས་མཉམ་དུ་འགྲན་བསྡུར་བྱས་ཏེ། ལང་ཚོའི་སྐྱེ་སྟོབས་ཀྱིས་མཐོ་སྒང་གི་འགྲན་ར་བརྒྱན། འགྲན་སྡུར་སྟེང་ཁ་གཏད་རོགས་སྐྱོར་གྱི་གྲུབ་འབྲས་འགྲེམ་སྟོན་དང་མཚོ་སྔོན་གྱི་སྤུས་ལེགས་ཐོན་རྫས་འོས་སྦྱོར། ཁྱད་ལྡན་འཐེན་ཐུག་ལག་རྩལ་འགྲེམ་འཁྲབ་སོགས་བྱེད་སྒོ་དུས་གཅིག་ཏུ་སྤེལ་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ཕན་འབྲས་ཕྱོགས་ཡོངས་ནས་མངོན། ངོ་མཚར་བའི་རྐང་གྲུག་འདུ་ཚོགས་ཀྱིས་ལེ་དབར་སྟོང་གི་བརྩེ་བ་ཇེ་ཟབ་ཏུ་བཏང་།
ལུས་རྩལ་འགྲན་རའི་ངོ་མཚར་འགྲན་སྡུར་ལས། ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་མཚོ་སྔོན་གྱི་ཡུལ་བབ་དང་བསྟུན་པ་དང་གནད་འཁེལ་ཇུས་འདོན་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་མངོན་ཡོད། པེ་ཅིང་གིས་ཡུས་ཧྲུའུ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ། ཚོགས་སྒྲིག་རྣམ་པའི་སྨན་བཅོས་དང་སློབ་གསོའི་རོགས་སྐྱོར་ལ་བརྟེན་ནས་དམངས་འཚོའི་རྨང་གཞི་ཇེ་བརྟན་དུ་བཏང་ལ། རྫོང་ཁོངས་ཀྱི་སྨན་བཅོས་ཞན་ཆ་ཁ་གསབ་དང་ས་གནས་ཀྱི་འཇོན་མིའི་སྟོབས་ཤུགས་ཇེ་ཆེར་བཏང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དགེ་མཚན་ལས་ཞིང་ཕྱུགས་ལས་སྟོབས་ཆེར་བཏང་། ཧྲང་ཧའེ་ཡིས་མགོ་ལོག་གི་སློབ་གསོའི་ཡུལ་དངོས་སུ། སློབ་ཁང་དུ་ཕྱིར་བུད་དེ་མི་སྣ་སྐྱེད་སྲིང་བྱ་རྒྱུ་དམ་འཛིན་བྱས་ལ། རྐང་གྲུག་ལུས་རྩལ་དང་གཟུགས་འདས་རིག་གནས་ཤུལ་བཞག་གི་མཛེས་དཔྱད་སློབ་གསོ་སློབ་རར་མཉམ་འདྲེས་བྱས་ནས། མཐོ་སྒང་གི་གཞོན་ནུའི་ཕུགས་འདུན་མངོན་སུམ་དུ་འགྱུར་བར་བྱས། ཐེན་ཅིན་གྱིས་རྨ་ལྷོ་ཁུལ་ལ་རོགས་རམ་བྱས་ཏེ་དགེ་སྤེལ་སྐྱོན་སེལ་བྱས་ལ། ཕྱོགས་གཅིག་ནས་འཁྱག་ཉ་གསོ་སྤེལ་དང་སྤུས་ལེགས་ལོ་ཏོག་ནང་འདྲེན་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་སྟོབས་ཆེར་བཏང་ཞིང་། ཕྱོགས་གཞན་ཞིག་ནས་སློབ་གྲྭ་དང་སློབ་གྲྭ་ཆ་སྒྲིག་དང་། “སློབ་གླིང་གིས་ཚན་ཁག་འགན་ལེན་བྱེད་པ”སོགས་ཚོགས་སྒྲིག་རྣམ་པ་བརྒྱུད། སློབ་གསོ་དང་སྨན་བཅོས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ནས། ན་གཞོན་ལོ་ཆུང་གི་ཕན་ཚུན་འབྲེལ་འདྲིས་དང་ཞིབ་འཇུག་སློབ་སྦྱོང་ལ་བརྟེན་ནས་མི་རིགས་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་གཏིང་ཟབ་ཏུ་བཏང་།
མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ། མགོ་ལོག་མཚོ་ཤར་སློབ་འབྲིང་གི་སློབ་གཙོ། ཙེང་ཆང་གིས་བཤད་རྒྱུར།
ང་ཚོས་མགོ་ལོག་རྐང་གྲུག་རུ་ཁག་བཙུགས་པ་དང་། ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་མཚོ་སྔོན་རོགས་སྐྱོར་ས་ཚིགས་ཀྱི་རྒྱབ་སྐྱོར་འོག མགོ་ལོག་སྒྲ་མཉམ་མཉམ་ལེན་ཚོགས་པ་དང་མགོ་ལོག་བོད་གཞས་གཟུགས་འདས་རིག་གནས་ཤུལ་བཞག་གི་རོལ་དབྱངས་རུ་ཆུང་བཙུགས་ནས། སློབ་གྲོགས་ཚོར་རྩལ་ནུས་ངོམ་སའི་གར་སྟེགས་དེ་བས་མང་པོ་བསྐྲུན། དེར་མ་ཟད་རང་བྱུང་ཚན་རིག་གི་སློབ་ཁྲིད་ལ་ཤུགས་བསྣན་པ་དང་ཚོགས་པའི་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལ་རྨང་གཞི་ཅུང་ལེགས་པོ་བཏིང་།
ཅང་སུའུ་དང་ཀྲེ་ཅང་། ཧྲན་ཏུང་བཅས་ཀྱིས་ཀྱང་ཕྱོགས་མང་པོ་ནས་ཤུགས་བཏོན། ཅང་སུའུ་ཡིས་ཚོགས་སྒྲིག་རྣམ་པའི་སྨན་བཅོས་རོགས་སྐྱོར་དམ་འཛིན་བྱེད་ས་བྱས་ཏེ། མཚོ་ལྷོ་ཁུལ་ལ་ཀ་རིམ་པ་གསུམ་པའི་སྨན་ཁང་གི་རྐང་འཛིན་སྨན་པ་འབོར་ཆེན་མངགས་གཏོང་དང་། ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་དོན་འཁྱོལ་བྱས་ལ། རྒྱབ་ཕྱོགས་ཀྱི་ཀ་རིམ་པ་གསུམ་པའི་སྨན་ཁང་གི་ཡུན་རིང་མཉམ་ལས་རྒྱུ་ལམ་བསྐྲུན་ནས། འཁྱེར་ཐུབ་མེད་པའི་ས་གནས་ཀྱི་སྨན་བཅོས་དཔུང་ཁག་ཅིག་བསྐྲུན་པར་ཤུགས་བསྣན། ཀྲེ་ཅང་གིས་མཚོ་ནུབ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མཉམ་ལས་སྟེགས་བུར་བརྟེན་ནས་ལྗང་མདོག་ཐོན་ལས་རྣམ་གྲངས་ནང་འདྲེན་བྱས་པ་དང་། ལོ15ཡི་རིང་། མ་དངུལ་སྒོར་ཐེར་འབུམ་གསུམ་བྱེ་བ་དགུ་ས་ཡ་བརྒྱད་བཏང་སྟེ། རོགས་སྐྲུན་ལས་གཞི407ལག་བསྟར་བྱས། ཧྲན་ཏུང་གིས་མཚོ་བྱང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལོ་ངོ་བཅུ་དྲུག་རིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་ཐེར་འབུམ་བཞི་དུང་ཕྱུར་ལྔ་བྱེ་བ་གཅིག་ས་ཡ་ལྔ་དོན་འཁྱོལ་བྱས་པ་དང་། རོགས་སྐྲུན་ལས་གཞི315ལག་བསྟར་བྱས་ལ། ལས་བྱེད་འཇོན་མི2597སྐོར་ཐེངས་དྲུག་ལ་མངགས་གཏོང་བྱས་ཏེ་མཐོ་སྒང་དུ་རྐང་བཙུགས་པ་མ་ཟད་བྱས་རྗེས་བཞག
མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ། མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཀྲུང་ལུགས་སྨན་ཁང་གི་ཡོན་ཀྲང་ཕེང་ཡུའེ་ཡིས་བཤད་རྒྱུར།
ད་ལྟ“ཅང་སུའུ་སྨན་པ”ཉི་ཤུ་ལྷག་གུང་ཧོ་ཡི་ཀྲུང་ལུགས་སྨན་ཁང་དུ་ལས་ཀ་བྱེད་པར་ཡོང་ཡོད། དེ་དང་ཆབས་ཅིག ང་ཚོས་གུང་ཧོ་རྫོང་ཀྲུང་ལུགས་སྨན་ཁང་གི་ཐེ་གཏོགས་ལྟེ་གནས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ། མ་འོངས་པར་ང་ཚོས་“ཅང་སུའུ་སྨན་པའི་ལས་སྒྲུབ་ཁང་”བརྒྱུད་དེ་ས་གནས་གཉིས་ཀྱི་བརྗེ་རེས་དང་འགྲོ་འོང་ལ་ཤུགས་བསྣན་ནས། ས་གནས་མང་ཚོགས་ལ་དེ་བས་ལེགས་པའི་སྨན་བཅོས་ཞབས་ཞུ་བྱེད་རྒྱུ་ཡིན།
སློབ་གསོས་མི་སེམས་གསོ་བ་དང་ལུས་རྩལ་གྱིས་མི་སྐྱོང་ལ། སྨན་བཅོས་ཀྱིས་དམངས་ལ་ཕན་ཁེ་བསྐྲུན་པ་དང་། ཐོན་ལས་ཀྱིས་ནུས་པ་བསྩལ། ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་འཇོན་མི་མཐོ་སྒང་དུ་རྐང་ཚུགས་པ་དང་ལས་གནས་དང་པོར་བསྡད་ནས། “མཚོ་སྔོན་གྱི་དགོས་མཁོ་དང་རོགས་སྐྱོར་ཕྱོགས་ཀྱིས་སྒྲུབ་ཐུབ་པ”རྒྱུན་འཁྱོངས་བྱས་ནས། ཐོན་ལས“གནས་བཞི”འཛུགས་སྐྲུན་དང་དམངས་འཚོ་ལེགས་བཅོས། འཇོན་མི་སྐྱེད་སྲིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཞིང་། མཚོ་སྔོན་འཕེལ་རྒྱས་ཀྱི་ཞན་ཆ་ཕྱོགས་ཡོངས་ནས་ཁ་གསབ་དང་དམངས་འཚོའི་བདེ་སྐྱིད་བསྐྲུན་ནས། མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་། འགྲན་རའི་རྩལ་འགྲན་མཇུག་སྒྲིལ་བ་ནི་རོགས་སྐྱོར་གྱི་མཇུག་སྒྲིལ་བ་མིན་པར། དེ་བས་གཏིང་ཟབ་དང་ཁྱབ་ཁོངས་དེ་བས་ཆེ་བའི་བརྗེ་རེས་མཉམ་སྐྱོད་ཀྱི་འགོ་རྩོམ་ས་གསར་པ་རེད།