
ཟླ10པའི་ཚེས30ཉིན་པར་དུ་བསྐྲུན་པའི《མི་དམངས་ཉིན་རེའི་ཚགས་པར》སྟེང་དཔྱད་བརྗོད་པའི་རྩོམ་ཡིག་སྟེ། ང་ཚོའི་ཏང་སྔར་ལས་ལེགས་པ་དང་སྔར་ལས་སྟོབས་ལྡན་དུ་འཛུགས་སྐྱོང་བྱ་དགོས་ཞེས་པ་སྤེལ།
རྩོམ་ཡིག་ནང་བཤད་རྒྱུར། ཟླ10པའི་ཚེས26ཉིན་ནས་ཚེས29ཉིན་བར། ཀྲུང་གོའི་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་ཚོགས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བའི་དུས་མཚམས་གལ་ཆེན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འབྱུང་བའི་འགག་རྩའི་དུས་སྐབས་སུ་ཚོགས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་ཕུལ་བའི་བྱ་བའི་སྙན་ཞུར་གསན་པ་དང་གྲོས་བསྡུར་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོབ་པར་ཁས་ལེན་གང་ལེགས་གནང་། ཚང་འཛོམས་གྲོས་ཚོགས་ལས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་རླབས་ཆེན་གྱི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་སྤྱི་སྡོམ་གཏིང་ཟབ་བྱས་ཏེ། 《ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། འདི་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་བཟོ་སྐྲུན་གསར་པར་མུ་མཐུད་དུ་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཚོགས་པ་དེས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པ་རུ་ཧུར་ཐག་གིས་འོད་སྟོང་གསར་པ་བསྐྲུན་རྒྱུར་སྐུལ་སློང་གང་ལེགས་བྱ་ངེས་ཡིན།
རྩོམ་ཡིག་ལས་བསྟན་དོན། 《ཆོད་དོན》ནང་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཡོད་པ་དང་གཞི་གདངས་ནན་མོ་རྒྱུན་འཁྱོངས་བྱས་ཡོད་ལ། གནད་དོན་ཁྲིད་སྟོན་དུ་འཛིན་པ་མངོན་གསལ་ཡིན། རྒྱུད་རིམ་ལྡན་པའི་ལྟ་བ་ཇེ་དྲག་ཏུ་བཏང་བ་དང་། གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་ལ། མཛུབ་སྟོན་བསམ་བློ་དང་རྩ་དོན་ཚན་རིག་དང་མཐུན་ཞིང་གནད་དུ་འཁེལ་བ་ཁ་གསལ་བཟོས་ཡོད་པ་དང་། དངོས་སྒྲུབ་ལག་ལེན་བྱས་ཆོག་པའི་སྲིད་ཇུས་དང་བྱེད་ཐབས་བཏོན་ཡོད་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་སྟོབས་ལྡན་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་ལེགས་པར་མཚོན་ཡོད་ལ། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་དུ་གཏོང་བའི་རྣམ་པ་གསར་པ་སྔར་ལས་ལྷག་པར་བསྐྲུན་ཏེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ཡུན་རིང་མཛུབ་སྟོན་གྱི་དོན་སྙིང་ཆེན་པོ་ལྡན།
རྩོམ་ཡིག་ལས་བསྟན་དོན། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་ལ་གྲུབ་འབྲས་རླབས་ཆེན་བླངས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་བསྐྲུན་ཐུབ་པའི་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁ་ཕྱོགས་གསལ་སྟོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་རག་ལས་ལ། དེ་ལས “གཏན་འཁེལ་གཉིས”ཀྱི་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འབྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ལེགས་པར་ལྡན་ཡོད། ཏང་ཡོངས་ཀྱིས་ཡིད་ཆེས་བརྟན་པོ་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། “ངེས་པར་དུ་བྱ་དགོས་པ་གསུམ”ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་པ། ཏང་གི་ཕུལ་དུ་བྱུང་བའི་ཁྱད་ཆོས་རྒྱུན་ཆད་མེད་པར་དར་སྤེལ་གཏོང་བ་བཅས་བྱེད་དགོས་ལ། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་ལ་བརྟེན་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཉམས་མྱོང་རྩ་ཆེན་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཏང་འཛུགས་སྐྱོང་གི་མདུན་དུ་ལྷགས་པའི་གནད་དོན་མངོན་གསལ་ཅན་དག་ཐེར་བཅོས་སྐྱོང་ཡག་པོ་དང་ཐག་གཅོད་ཡག་པོ་བྱ་དགོས་པ་མ་ཟད། ཏང་དོ་དམ་དང་ཏང་བཅོས་སྐྱོང་ལས་གྲུབ་པའི་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གང་ལེགས་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་ཡོངས་ཀྱིས་བསམ་བློ་དང་སྦྱོར་བ་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་བྱེད་དགོས་ལ། ཞི་ཅིན་ཕིང་གི་ཏང་འཛུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཉམས་མྱོང་རྩ་ཆེན་ལེགས་པར་སྤྱད་དེ། ལས་འགན་དང་འགན་འཁྲི་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་འཛིན་པ་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས། གནད་དོན་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས། གོང་འོག་སྣེ་ཁྲིད་རྒྱུན་འཁྱོངས་དང་། སྒྲིག་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱ་དགོས་ལ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་རྩ་འཛུགས་ཀྱི་ནུས་པ་དང་། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་དུ་བསྐྱོད་པ་དང་། མི་དམངས་ཀྱིས་སྙིང་ཐག་པ་ནས་གོང་བཀུར་ཞུ་བ། འགྲན་སློང་སྣ་ཚོགས་ཀྱི་ཚོད་བགམ་ཐེག་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཏུ་འགྱུར་བར་འགན་ལེན་ཏན་ཏིག་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་བྱ་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པ་བཅས་བྱས་ཏེ། ཤུགས་སྐྱེད་སྟོབས་སྤེལ། བློ་བརྟན་འགྱུར་མེད་ཀྱིས་ལོ་རྒྱུས་དང་མི་དམངས་ཀྱིས་བསྩལ་བའི་ལས་འགན་ལྗི་མོ་ཕྲག་ཏུ་འཁུར་ནས། ང་ཚོའི་ཏང་སྔར་ལས་ལེགས་པ་དང་སྔར་ལས་སྟོབས་ལྡན་དུ་འཛུགས་སྐྱོང་བྱས་ཏེ། རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པ་རུ་སྔར་ལས་ཕུལ་དུ་བྱུང་བའི་རྒྱུགས་ལན་གསར་པ་སྤྲོད་དགོས།