
ཟླ10བའི་ཚེས31ཉིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་སྐབས་གསུམ་པ་མཚོ་སྔོན་མཛེས་རྩལ་ཁང་དུ་སྤེལ་འགོ་བརྩམས། ཐེངས་འདིའི་འགྲེམ་སྟོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་ཐིག་ཏུ་བཟུང་སྟེ། བརྩམས་ཆོས300ལྷག་འགྲེམ་སྟོན་བྱས་ཡོད་ཅིང་། དེ་དག་ལས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དང་། མེས་རྒྱལ་གྱི་རི་ཆུའི་མཛེས་སྡུག་སོགས་མཛེས་རྩལ་བརྩམས་ཆོས་སུ་བསྒྱུར་ཏེ། མི་རིགས་སོ་སོའི་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ཀྱི་དུས་རབས་གསར་པའི་རྣམ་པ་ལེགས་པོར་མཚོན་ཡོད།
སྐུ་ཞབས་མིའོ་ཡིས་བཤད་རྒྱུར། ང་མཚོ་སྔོན་དུ་ཡུལ་སྐོར་བྱེད་དུ་ཡོང་བ་ཡིན། ཡུལ་སྐོར་གྱི་སྐབས་སུ། ང་ས་འདིའི་རྟེན་མཛོད་ཁང་དང་མཛེས་རྩལ་ཁང་དུ་ལྟ་སྐོར་འགྲོ་བར་དགའ། ངས་བསམས་ན་འདི་རུ་ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ལ་རྒྱུས་ལོན་བྱེད་ཐུབ། དེ་རིང་ཡིན་ན་ང་ལ་བག་ཆགས་ཆེས་ཟབ་མོ་བཞག་པ་ནི་ངའི་རྒྱབ་ཕྱོགས་ན་ཡོད་པའི་རི་མོ་འདི་རེད། འདི་མཐོང་ན་ངས་རང་གི་ཕ་ཡུལ་ཡིད་ལ་དྲན་ཐལ་ཟེར།
ལྟད་མོ་བ་སྐུ་ཞབས་ཀའོ་ཡིས་བཤད་རྒྱུར། དེ་རིང་སྔ་དྲོར་ངས་མགྲོན་ཁང་ནས་གནས་འདིར་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་འདི་འདྲ་ཞིག་ཡོད་པ་ཤེས་རྗེས། ངས་རང་གི་བུ་ཁྲིད་ནས་ལྟད་མོར་ལྟ་རུ་ཡོང་བ་ཡིན། བུ་ཆུང་ལ་མཚོ་སྔོན་གྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་རྒྱུས་ལོན་བྱེད་དུ་འཇུག་འདོད། འགྲེམ་སྟོན་ཡག་པོ་རེད་ཟེར།
མཚོ་སྔོན་ནི་མི་རིགས་མང་པོ་མཉམ་འདྲེས་མཉམ་གནས་ཀྱི་ས་ཆ་ཞིག་ཡིན། ཐེངས་འདིའི་འགྲེམ་སྟོན་སྟེང་རང་རྒྱལ་གྱི་མི་རིགས56གི་རི་མོ་བའི་བརྩམས་ཆོས་ཡག་ཤོས་དག་ཕྱོགས་གཅིག་ཏུ་བསྡུས་པ་ནི། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལག་ལེན་གྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པར་མ་ཟད། རིག་གནས་བརྗེ་རེས་ཀྱི་སྟེགས་བུ་གལ་ཆེན་དང་མི་སེམས་གོང་བུར་བསྒྲིལ་བའི་འབྲེལ་ཐག་བཟང་པོ་ཞིག་ཀྱང་རེད།
རྒྱུས་ལོན་བྱུང་བ་ལྟར་ན། འགྲེམ་སྟོན་དེ་ཟླ12པའི་ཟླ་དཀྱིལ་བར་རྒྱུན་བསྐྱང་རྒྱུ་ཡིན་པ་དང་། དེའི་རིང་ཚང་མས་རིན་མེད་ངང་ལྟད་མོར་བལྟས་ཆོག
སྐལ་བཟང་རྣམ་རྒྱལ། ཚེ་རིང་དངོས་གྲུབ།