ཟླ11ཚེས1ཉིན་བར། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་མཚོ་སྔོན་མར་སྟེང་ཆུ་གློག་ས་ཚིགས་ཀྱིས་ལོ་རེར་རིམ་རྩིས་བྱས་ན་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་ཐེར་འབུམ་དྲུག་ས་ཡ་དགུ་ཟིན་པ་དང་། ན་ནིང་གི་དུས་མཉམ་ལས25.5%འཕར་ལ། ཐོན་སྐྱེད་བྱེད་འགོ་ཚུགས་པའི་ཚུན་གྱི་དུས་མཉམ་གྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཁུལ་ཁོངས་ཀྱི་ནུས་ཁུངས་མཁོ་སྤྲོད་འགན་ལེན་ལ་འདེགས་སྐྱོར་བརྟན་པོ་བྱས།
ད་ལོའི་ཚུན་ལ། ཆུ་གློག་ས་ཚིགས་ཀྱིས་མཚོ་འཕགས་མཐོ་བའི་ཞིབ་ཚགས་ཅན་གྱི་དོ་དམ་དེ་བདེ་འཇགས་ཐོན་སྐྱེད་དང་། ཆུ་མཛོད་བཀོད་གཏོང་། གློག་ཤུགས་མཁོ་སྤྲོད་འགན་ལེན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས། བདེ་འཇགས་ཐོན་སྐྱེད་ཀྱི་ལྷུ་ཚིགས་སུ། ཆུ་གློག་ས་ཚིགས་ཀྱིས་མཚོ་འཕགས་མཐོ་བའི་སྒྲིག་ཆས་འཁོར་སྐྱོད་ཀྱི་ཆོས་ཉིད་ལ་དམིགས་ཏེ། བདེ་འཇགས་ཐོན་སྐྱེད་མ་ལག་འཛུགས་སྐྱོང་ཟབ་སྤེལ་དང་། ལོ་ཧྲིལ་པོར་འཕྲུལ་འཁོར“མཚམས་མི་འཇོག་པ་”དང་། བདེ་འཇགས་ཐོན་སྐྱེད་ཀྱི་“ལས་འཛོལ་མེད་པ་”རྒྱུན་འཁྱོངས་བྱས་ནས། གློག་འདོན་ཚད་བསྟུད་མར་འཕར་བར་རྨང་གཞི་བརྟན་པོ་བཏིང་། ཆུ་མཛོད་བཀོད་གཏོང་ལྷུ་ཚིགས་སུ། ཆུ་གློག་ས་ཚིགས་ཀྱིས་རྒྱུན་ལྡན་ཆུ་གསོག་ཚད་ཀྱི་ནུས་གསོག་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། གནམ་གཤིས་དང་ཆུ་དཔྱད་སྔོན་བརྡའི་མ་ལག་ལ་བརྟེན་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུའི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་གནད་འཁེལ་བྱས་པ་དང་། བཀོད་གཏོང་ཇུས་གཞི་འགུལ་རྣམ་ལེགས་བསྒྱུར་དང་གློག་འདོན་ཆུ་ཟད་ཚད་ཇེ་དམའ་རུ་བཏང་ཞིང་། འཕྲུལ་ཆས་འཁོར་སྐྱོད་ཀྱི་གནས་ཚུལ་བབ་བསྟུན་ལེགས་སྒྲིག་བྱས་ནས། ཆུ་ནུས་སྤྱོད་ཚད་དང་འཕྲུལ་ཆས་བཀོལ་སྤྱོད་ནུས་པ་ནུས་ལྡན་སྒོས་ཆེ་རུ་བཏང་། དེ་དང་ཆབས་ཅིག ཆུ་གློག་འཕྲུལ་ཚན་འཁོར་འདུག་སྐབས་བསྟུན་དང་འཁོར་སྐྱོད་མགྱོགས་པའི་དགེ་མཚན་འདོན་སྤེལ་བྱས་ཏེ། གློག་དྲ་རྩེ་སྙོམས་ལེགས་སྒྲིག་ཁྲོད་ཧུར་ཐག་གིས་ཞུགས་ནས། ནུས་ཁུངས་གསར་པ་དང་མཉམ་དུ་འཁོར་སྐྱོད་བྱེད་པ་དང་ཕྱིར་འདོན་གཏན་འཇགས་དང་བདེ་འཇགས་འཁོར་སྐྱོད་བྱས་ནས། ནུས་ཁུངས་གསར་པའི་བསྡུ་ཉར་གཙང་སེལ་ནུས་པ་ཆེ་རུ་བཏང་།
མིག་སྔར་དགུན་སྐྱེལ་བའི་གནད་འགག་གི་དུས་སུ་སླེབས་ཡོད། ཆུ་གློག་ས་ཚིགས་ཀྱིས་གློག་འདོན་དང་ཆུ་གསོག་བཀོད་སྒྲིག་གཅིག་གྱུར་འཆར་འགོད་བྱས་པ་བརྒྱུད། སྒྲིག་ཆས་སྐོར་ཞིབ་ལ་ཤུགས་སྣོན་དང་འཕྲུལ་ཚན་གྱིས་གློག་སྤྱོད་ཚད་མཐོ་བའི་སྐབས་སུ“འཁོར་སྐྱོད་ཐུབ་པ་དང་བརྟན་པོ་ཡིན་པ། གང་གསོག་ཐུབ་པ”བཅས་ལ་འགན་ལེན་བྱས་ནས། ཁུལ་ཁོངས་ཀྱི་ནུས་ཁུངས་བདེ་འཇགས་བརྟན་པོའི་ངང་མཁོ་འདོན་ཐུབ་ཆེད་བསྟུད་མར་སྟོབས་ཤུགས་བཏོན།