རྔ་བ་ཁུལ་ལི་རྫོང་གིས“གྲོང་གསེབ་ཏུ་སྐྱོད་པ་གསུམ”གྱི་བྱེད་སྒོ་ཕུ་འདུ་གྲོང་རྡལ་ནས་སྤེལ།
ཁུངས། ལིས་རྫོང་སྨྱན་སྦྱོར་ལྟེ་གནས། ཀློག་གྲངས།

​གྲོང་གསེབ་ཀྱི་དར་སྲོལ་དང་ཤེས་རིག་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་ཆེད། ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ལི་རྫོང་གི་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས། ལི་རྫོང་གི་མི་བཟང་གཏམ་རྒྱུད་དང་། རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་ཀྱི“གྲོང་གསེབ་ཏུ་སྐྱོད་པ་གསུམ”གྱི་ཐུན་མོང་ཞབས་ཞུའི་བྱེད་སྒོ་ཕུ་འདུ་གྲོང་རྡལ་ཁ་སྦྲུལ་མོ་ཀྱོ་སྡེ་བ་རུ་སྤེལ།

བྱེད་སྒོ་སྤེལ་ཡུལ་དུ《ང་ཚོའི་ཉེ་འཁོར་གྱི་དཔེ་ལེགས》ཞེས་པའི་བརྗོད་དོན་སྒྲོག་འགྲེལ་བྱས་ནས། གཞན་ལ་རོགས་རམ་དང་རྒན་བཀུར་གཉེན་བརྩ། ཁྱིམ་མཚེས་རོགས་རེས། ལས་གནས་ལ་དགའ་བ་དང་ལས་རིགས་ལ་བཀུར་བ་བཅས་ཀྱི་དཔེ་ལེགས་གཏམ་རྒྱུད་བཤད་པ་བརྒྱུད།  སྤྱོད་བཟང་དང་དགེ་ལས་བལྟས་ན་མཐོང་ཐུབ་པ་དང་བསླབ་ན་རང་རྒྱུད་ལ་ལེན་ཐུབ་པར་བྱས་པ་དང་། རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ནས། དགེ་སྒྲུབ་ཀྱི་སྟོབས་ཤུགས་བརྒྱུད་སྤྲོད་དང་ཡ་རབས་ཀྱི་དར་སྲོལ་བཟང་པོ་སྒྲོག་འགྲེལ་བྱས། དེ་མིན་འོས་འགན་སྨན་བཅོས་བློ་འདྲི་དང་བདེ་ཐང་ཚན་རིག་ཁྱབ་གདལ། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས། སྲིད་ཇུས་གསལ་འགྲེལ་སོགས་དམངས་ཕན་ཞབས་ཞུ་མཁོ་འདོན་བྱས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་སྤྲད་པ་མ་ཟད་དམངས་ཕན་གྱི་ཞབས་ཞུ་སྡེ་མིའི་སྒོ་ཁ་རུ་བསྐྱལ། 

བྱེད་སྒོའི་ཁྲོད་ད་དུང་ལོ་ལོན་བྱམས་སྐྱོང་དང་། ལས་གནས་ལ་དགའ་བ་དང་ལས་རིགས་ལ་གུས་བཀུར་བྱེད་པ་སོགས་ཀྱི་དཔེ་བཟང་མི་སྒེར་དང་ཁྱིམ་ཚང་ལ་གཅིག་གྱུར་སྒོས་བསྟོད་བསྔགས་བྱས་ནས། སྔོན་ཐོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བབ་ཆགས་དང་ཤེས་རིག་ལྡན་པའི་གྲོང་གསེབ་ཀྱི་དར་སྲོལ་དང་དམངས་སྲོལ་སྔར་ལས་ལྷག་པར་གསོ་སྐྱོང་བྱས།

ལི་རྫོང་སྨྱན་སྦྱོར་ལྟེ་གནས། ཡུས་ཡུས་ཡན།