ཡུས་ཧྲུའུ་རྟ་རྒྱུག་ཐོག་དང་པོར་ཡུལ་ཁོངས་བརྒལ་བའི་བརྗེ་རེས་བྱེད་སྒོའི་བརྗོད་དོན་འཁྲབ་སྟོན་ཟི་ལིང་དུ་སྤེལ།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།

ཟླ11པའི་ཚེས7ཉིན། ཡུས་ཧྲུའུ་རྟ་རྒྱུག་ཐོག་མར་ཡུལ་ཁོངས་ལས་བརྒལ་བའི་འོས་སྦྱོར་བྱེད་སྒོའི་བརྗོད་དོན་འཁྲབ་སྟོན《ཚེ་སྲོག་གི་མཆོད་བསྟོད》ཅེས་པ་དེ་ཟི་ལིང་ནུབ་སྒོའི་ལུས་རྩལ་ར་བར་སྤེལ་ནས། རིག་གནས་ལུས་རྩལ་དང་ཞིང་ལས། ཡུལ་སྐོར། ཚོང་ལས། ཁམས་གསོ་བཅས་གཏིང་ཟབ་ངང་མཉམ་འདྲེས་ཀྱི་དགྱེས་སྟོན་ཞིག་བཤམས།

བརྗིད་ཉམས་ལྡན་པའི་རོལ་མོ་དང་བསྡོངས་ནས། སྔོན་འགོའི་ལེའུ་སྟེ《ཚེ་སྲོག་གི་འབྱུང་ཁུངས》ཞེས་པ་དལ་གྱིས་འགོ་བརྩམས་ཤིང་།  འཁྲབ་སྟོན་པ180ཡིས་ཚོན་མདོག་སྣ་ལྔའི་གོས་ལྭ་གོན་ནས་རིམ་གྱིས་གར་སྟེགས་བུད་དེ། དཔལ་ཡོན་མཉམ་གནས་དང་སྐྱེ་ཁམས་བརྟན་སྲུང་། གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྲོལ་གོམས་གཤིས་བཅས་འཁྲབ་ཚན་གྱི་རིམ་པ་བཞིན་དུ་ཐང་བོད་གནའ་ལམ་དང་གེ་སར་སྒྲུང་གི་སྣང་བརྙན་འཁྲབ་སྟོན་བྱས་ལ།《 བླ་ཤིང》ཞེས་པ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་བརྗོད་དོན་ཡིན་པའི་ཞབས་བྲོ་འཁྲབ་སྟོན་བྱས་ནས། གཙང་པོའི་འབྱུང་ཡུལ་གྱི་ས་གཞི་ཆེན་མོའི་སྐྱེ་ཁམས་གཏམ་རྒྱུད་ལྷུག་པོར་བརྗོད།

འཁྲབ་སྟོན་པ་འཇིགས་མེད་བཟང་པོས་བཤད་རྒྱུར། 

རྩྭ་ཐང་ནས་ཟི་ལིང་བར། ང་ཚོས་གངས་རི་དང་རྩྭ་ཐང་། རི་སྐྱེས་སྲོག་ཆགས་བཅས་གླུ་གར་ཁྲོད་འདྲེས་པར་བྱས་ཏེ། མི་སྔར་ལས་མང་པོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་སྟོབས་ཀྱིས་ཁེངས་པའི་རྣམ་པ་དེ་ཚོར་དུ་བཅུག་ཡོད།

ཟི་ལིང་གི་གྲོང་མི་ཝེ་ཞན་ཅིན་གྱིས་བཤད་རྒྱུར།

འཁྲབ་སྟོན་གྱི་བརྒྱུད་རིམ་ཧྲིལ་བོ་སྐྱེ་ཁམས་ལ་སྲུང་སྐྱོབ་དང་ཚེ་སྲོག་ལ་གོང་བཀུར་བྱེད་པར་དམ་པོར་དམིགས་པ་དང་། རིགས་སོ་སོའི་མང་ཚོགས་མཉམ་གཅིག་ཏུ་འཛོམས་པས། འདི་ནི་མི་རིགས་མཐུན་སྒྲིལ་མཉམ་འདྲེས་ཀྱི་ཆེས་གསོན་ཉམས་དོད་པའི་མངོན་ཚུལ་ཞིག་རེད།

འཁྲབ་སྟོན་གྱི་བརྒྱུད་རིམ་ཁྲོད། ཆེས་མི་སེམས་འགུལ་བ་ནི་སྲོལ་རྒྱུན་གྱི་རྟ་བའི་རུ་ཁག་དང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཡུས་ཧྲུའུ་རྟ་རྒྱུགས་འགྲན་ཚོགས་ཀྱི་འཁྲབ་སྟོན་དེ་རེད། མཐོ་སྒང་རྟ་མཆོག་གིས་མགྱོགས་པོའི་བང་རྩལ་འགྲན་ཞིང་སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན་བྱས་པས། ཡུལ་དངོས་ཀྱི་ལྟད་མོ་བའི་མིག་གི་གསོས་སུ་གྱུར།

ཡུས་ཧྲུའུ་རྟ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ། སངས་རྒྱས་ཕུན་ཚོགས་ཀྱིས་བཤད་རྒྱུར། 

དེ་རིང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཡུས་ཧྲུའུ་རྟ་རྒྱུག་འགྲན་ཚོགས་ཟི་ལིང་དུ་འཁྲབ་སྟོན་བྱེད་ཐུབ་སོང་བས། ང་རང་ཧ་ཅང་དགའ་ཡོད། ང་ཚོའི་ཡུས་ཧྲུའུ་རྟ་རྒྱུག་འདི་བརྒྱུད་ནས་མི་སྔར་ལས་མང་པོས་ང་ཚོའི་རང་བྱུང་ཁམས་ལ་བརྩི་བཀུར་དང་ཚེ་སྲོག་ལ་སྲུང་སྐྱོབ་ཀྱི་སེམས་འདུན་ཚོར་ཐུབ་པའི་རེ་བ་བཅངས་ཡོད།

ཟི་ལིང་གི་གྲོང་མི་ལིའུ་ལྕམ་མོས་བཤད་རྒྱུར།  

ཐེངས་འདིར་ཁྱིམ་གྱི་སྒོ་མདུན་དུ་ཡིད་སེམས་འགུལ་བའི་འཁྲབ་སྟོན་ལ་ལྟ་ཐུབ་སོང་བས། ངོ་མ་དོན་སྙིང་ཆེན་པོ་ལྡན།

ལུས་རྩལ་ར་བ་རུ་རྟ་མཆོག་གི་བང་རྩལ་མངོན་བཞིན་ཡོད་ལ། ར་བའི་ཕྱི་རུ་དུ་བ་སྔོན་མོ་དགུང་དུ་འཕྱུར། ཡུས་ཧྲུའུ་ས་གནས་ཀྱི་ཞིང་ཕྱུགས་དང་རིག་གནས་ཡུལ་སྐོར། གཟུགས་འདས་ཤུལ་བཞག་རིག་གནས་བཅས་ཀྱི་ཁེ་ལས་60ཡིས་ཟི་ལིང་གི་ཁེ་ལས40དང་མཉམ་འབྲེལ་བྱས་ཏེ། མཐོ་སྒང་གི་ཞིང་ཕྱུགས་ཐོན་རྫས་ལེགས་པོ་དང་གཟུགས་འདས་ཤུལ་བཞག་ལག་ཤེས་ཐོན་རྫས་འགྲེམ་སྟོན་སྟེགས་བུར་བཤམས་ཡོད།

ཡུས་ཧྲུའུ་ཁུལ་ནང་ཆེན་ཇ་རྫེའུ་གཟུགས་འདས་ཤུལ་བཞག་རིག་གནས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ཚད་ཡོད་ཀུང་ཟིའི་འགན་ཁུར་པ་ཉི་ཚེ་ཡིས་བཤད་རྒྱུར།  

ང་ཚོའི་ཐོན་རྫས་ནི་ལག་ཤེས་བཟོ་རྩལ་ལས་བྱུང་བ་དག་དག་ཡིན་པས་ཧ་ཅང་ཞིབ་ཆ་ལྡན། ང་ཚོའི་ཐོན་རྫས་ཀྱི་ཕྱིར་ཚོང་ལམ་ཁ་སྔར་ལས་ཡངས་པ་དང་། འཛམ་གླིང་གི་ཚོང་རར་བཀྲམ་ཐུབ་པའི་རེ་བ་བཅངས་ཡོད།

ཐེངས་འདིའི་ས་ཁོངས་བརྒལ་བའི་བརྗེ་རེས་ནི་མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་ལག་ལེན་དངོས་ཡིན་ལ། གཙང་པོའི་འབྱུང་ཡུལ་གྱི་ས་གཞི་ཆེན་མོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་ལ་མཉམ་དུ་འཆར་འགོད་བྱེད་པའི་དུས་རབས་ཀྱི་རང་སྒྲ་ཞིག་ཀྱང་ཡིན་པས། རང་ཞིང་གི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ཐད་སྒུལ་ཤུགས་དྲག་པོ་བསྣན་ཡོད།

ཡུས་ཧྲུའུ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ། 《ཚེ་སྲོག་གི་མཆོད་བསྟོད》ཀྱི་སྤྱིའི་བཀོད་འདོམས་པ་བློ་བཟང་བཀྲ་ཤིས་ཀྱིས་བཤད་རྒྱུར།  

རིམ་པ་རྗེས་མར། ང་ཚོས་རྟ་རྒྱུག་གི་དམངས་སྲོལ་དང་གཙང་པོའི་འབྱུང་ཡུལ་གྱི་སྐྱེ་ཁམས་སོགས་ཐོན་ཁུངས་གཙོ་བོ་མུ་མཐུད་དུ་སྔོག་འདོན་བྱས་ཏེ། ཚེ་སྲོག་གི་མཆོད་བསྟོད་ལྟ་བུའི་སྤུས་ལེགས་རིག་གནས་བྱེད་སྒོ་བསྟུད་མར་ཕྱི་ཕྱོགས་སུ་ཁྱབ་གདལ་གཏོང་བ་དང་། སྐྱེ་ཁམས་དགེ་མཚན་དང་རིག་གནས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དངོས་སུ་བསྒྱུར་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མཚོ་སྔོན་ལྷོ་རྒྱུད་ཀྱི་ཚོད་ལྟའི་ཁུལ་གཏིང་ཟབ་ངང་འཛུགས་པར་ཤུགས་འདོན་རྒྱུ་ཡིན།

ལྷ་མོ་འཚོས་བསྒྱུར།