
སྨྱུག་གུས་འབྲི་མཚམས་མི་འཇོག་ཅིང་གོམ་པ་སྤོ་མཚམས་མི་འཇོག ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ནི་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས27པ་རེད། ང་ཚོས་གསར་འགྱུར་ལས་སྒྲུབ་པ་ཡུལ་དངོས་དང་པོར་སྐྱོད་པའི་གཟུགས་བརྙན་ལ་དམིགས་ཏེ་ཁོ་ཚོའི་འགན་འཁྲི་དང་རྐང་ཚུགས་ས། འཕོ་འགྱུར། བརྟན་སྲུང་བཅས་སྐོར་གྱི་སེམས་འདུན་ལ་ཉན།
སྐད་སྦུག་དང་པར་ཆས། བཅར་འདྲིའི་ཟིན་ཐོ་བཅས་ནི་གསར་འགོད་པ་གསར་འགྱུར་ཡུལ་དངོས་སུ་བསྐྱོད་པའི་དགོས་ངེས་ཀྱི་དངོས་པོ་ཡིན་ཞིང་། དེས་སྔར་བས་ལྗིད་ཏིག་ཏིག་གི་འོས་འགན་དང་འགན་འཁྲི་ཐེག་ཡོད། འདས་པའི་ལོ་གཅིག་རིང་། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་ཕྱོགས། རིན་ཐང་གི་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ནས་ཡུལ་དངོས་སུ་ཉན་པ་དང་ཡུལ་དངོས་དང་པོར་ཟིན་ཐོར་བཀོད།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་འབྱུང་རྩའི་གསར་འགྱུར་མགྲོན་སྣེའི་གསར་འགོད་པ་ཀྲེན་མིང་ཞིང་གིས་བཤད་རྒྱུར། སྐད་སྦུག་འཛིན་རྒྱུ་དང་པར་ཆས་འཁྱེར་རྒྱུ་ནི་དགའ་ཞེན་ཡིན་ལ་འགན་འཁྲི་ཡང་ཡིན། བརྙན་མིག་དང་ཡི་གེ་ཡིས་འཚོ་བའི་ཁྲོད་ཀྱི་དྲོད་ཁོལ་ཟིན་ཐོར་བཀོད་ནས་དོན་དག་སྔར་བས་མང་པོ་མཐོང་ཐུབ་པ་དང་ཐོས་ཐུབ་པའི་རེ་བ་ཡོད།
མཚོ་སྔོན་གསར་འགྱུར་དྲ་བའི་གཙང་གསུམ་འབྱུང་ཡུལ་གསར་འགྱུར་མགྲོན་སྣེའི་གསར་འགོད་པ་པའོ་ཐོ་ཡས་ཀྱིས་བཤད་རྒྱུར། ང་མཚོན་ན་་གསར་འགོད་པ་ནི་ལས་རིགས་ཤིག་ཡིན་པ་མ་ཟད་འགན་འཁྲི་ཞིག་ཀྱང་ཡིན་ལ། ང་མུ་མཐུད་དུ་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་དང་ཉེ་བར་བཅར་བ་དང་། རྒྱུན་ཆད་མེད་པར་བརྩམས་ཆོས་ཇེ་ལེགས་སུ་བཏང་སྟེ་འཇོན་ཐང་སྦྱོང་བརྡར་བྱེད་རྒྱུ་ཡིན། བདེན་པ་དང་རྣམ་དག་གི་བརྩམས་ཆོས་ཀྱིས་མང་ཚོགས་ཀྱི་རེ་སྒུག་སྐོང་བ་དང་། བརྩེ་སེམས་ཡོད་པ་དང་། འགན་འཁྲི་ཡོད་པ། སྟོབས་ཤུགས་ཡོད་པ་བཅས་ཀྱི་གསར་འགྱུར་ལས་སྒྲུབ་པ་ཞིག་བྱེད་རྒྱུ་ཡིན།
མཚོ་སྔོན་གྱི་ས་རྒྱ་ཆེ་ཞིང་དང་གནས་མང་ལ་ཁྱབ་ཁོངས་ཆེ། གསར་འགྱུར་གྱི་གཏེར་ཁ་དེ་གཞི་རིམ་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་གནས་ཡོད། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་ལས་སྒྲུབ་པས“ཤུགས་བཞིའི”བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། བཅར་འདྲི་བྱ་ཡུལ་ཏེ་འབྲོག་ཁུལ་དང་རོང་ཁུལ་དུ་ཁྱབ་པ་དང་། སྐད་སྦུག་རོང་འབྲོག་མང་ཚོགས་ལ་སྤྲད་དེ་གསར་འགྱུར་སྤེལ་གཏོང་ཁྲོད་གཞི་རིམ་མང་ཚོགས་ཀྱི་འཚོ་བ་དངོས་དེ་འདྲེས་བར་བྱས།
ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གི་སྐབས་བསྟུན་བརྟག་ཞིབ་བཅར་འདྲི་པུའུ་ཡི་ཀྲུའུ་རེན་གཡང་ཕྱུག་ཟླ་སྒྲོན་གྱིས་བཤད་རྒྱུར། ང་ཚོ་ནི་དུས་རབས་ཀྱི་ཟིན་ཐོ་འགོད་མཁན་ཡིན་ལ། ཧུར་ཐག་གིས་གཞི་རིམ་དུ་བརྟག་ཞིབ་བྱེད་པར་བསྐྱོད་དེ་དྲོད་སྐྱིད་དང་རིན་ཐང་ལྡན་པའི་གནས་ཚུལ་སྤེལ་བཞིན་ཡོད། ངས་མུ་མཐུད་དུ་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་མཐོ་སྒང་དུ་གཞི་ཚུགས་པ་དང་། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བརྗོད་ནས་དུས་རབས་དང་མི་དམངས་ཀྱི་རེ་བ་གཏོང་ཟད་དུ་མི་གཏོང་བའི་གསར་འགྱུར་བརྩམས་ཆོས་སྤེལ་རྒྱུ་ཡིན།
ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གི་བརྙན་ལེན་དང་སྒྲ་བརྙན་བཅར་འདྲི་པུའུ་ཡི་ཀྲུའུ་རེན་ཀྲང་ལུང་གིས་བཤད་རྒྱུར། ང་མུ་མཐུད་དུ་གཞི་རིམ་དུ་གཞི་ཚུགས་ཤིང་སེམས་རྣལ་དུ་ཕབ་ནས་དོན་དངོས་སྤེལ་གཏོང་བྱས་ནས་གཙང་གསུམ་འབྱུང་ཡུལ་གྱི་གཏམ་རྒྱུད་ལེགས་པོར་བརྗོད་རྒྱུ་ཡིན། གསར་འགྱུར་བའི་ཐོག་མའི་བསམ་འདུན་ཡག་པོར་བསྲུངས་ནས་དྲོད་སྐྱིད་དང་སྟོབས་ཤུགས་ལྡན་པའི་མཐོ་སྒང་གི་སྐད་སྒྲ་བརྒྱུད་སྤྲོད་བྱེད་རྒྱུ་ཡིན།
གཞི་རིམ་ནི་གསར་འགྱུར་གྱི་འབྱུང་རྩ་ཡིན་པ་དང་འཕོ་འགྱུར་ནི་མིག་སྔའི་རྒྱུགས་གཞི་ཡིན། སྨྱན་སྦྱོར་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་བཅར་འདྲི་དང་རྩོམ་སྒྲིག སྤེལ་གཏོང་བཅས་ཀྱི་བརྒྱུད་རིམ་དང་མཚོན་སྟངས། བརྒྱུད་སྒྲོག་ཐབས་ལམ་བཅས་ཚང་མ་བསྐྱར་སྐྲུན་བྱེད་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་རང་འགུལ་སྒོས་སྨྱན་སྦྱོར་ཡོངས་ཀྱི་བརྒྱུད་སྒྲོག་རྣམ་པ་དང་འཚམ་པར་བྱས་ཏེ། ཡུལ་དངོས་སུ་བརྟག་དཔྱད་བྱེད་པའི་ནུས་བ་བརྟན་སྲུང་བྱས་ཡོད་ལ། ལས་སྟེགས་གསར་པ་དང་བྱེད་ཐབས་གསར་པ་ཁོང་དུ་ཆུད་པར་བྱས་ནས། སྤུས་ལེགས་ཀྱི་ནང་དོན་སྔར་བས་རྒྱ་ཆེ་བ་དང་སྔར་བས་ཐག་རིང་དུ་འབྱོར་བར་བྱས།
མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གསར་འགྱུར་ལྟེ་གནས་ཀྱི་གསར་འགོད་པ་ཀྲང་ཏུའོ་ཅུན་གྱིས་བཤད་རྒྱུར།
ད་ལྟ་སྨྱན་སྦྱོར་མཉམ་འདྲེས་མ་ལག་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་པས། ངའང་ཡིག་ཕབ་གསར་འགོད་པ་ནས་སྨྱན་སྦྱོར་ཡོངས་ཀྱི་གསར་འགོད་པ་ཞིག་ཏུ་གྱུར་ཏེ། བརྙན་མིག་ལ་བརྟེན་ནས་གསར་འགྱུར་སྤེལ་གཏོང་བྱེད་པའི་རྣམ་པ་སྣ་མང་གི་བྱ་བ་སྒྲུབ་སྟངས་ག་བྱང་ཆུད་ཡོད། འདི་ནི་འགྲན་སློང་ཞིག་ཡིན་ལ་ཡར་རྒྱས་ཤིག་ཀྱང་ཡིན། མ་འོངས་པར་ངས་མུ་མཐུད་དུ་གཞི་རིམ་གྱི་ལས་གནས་དང་པོར་གཞི་ཚུགས་ཏེ། ལག་གི་སྨྱུ་གུ་དང་བརྙན་མིག་བརྟེན་ནས་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བཤད་པ་དང་མཐོ་སྒང་གི་སྐད་སྒྲ་བརྒྱུད་སྒྲོག་བྱེད་རྒྱུ་ཡིན།
བྱ་གཞག་གཅིག་རྒྱུན་གཅིག་མཐུད་འབད་པས་སྒྲུབ། དཔུང་ཁག་སྔ་ཤུལ་རྗེས་འཛིན་མདུན་དུ་སྐྱོད། གསར་འགྱུར་བྱ་གཞག་ལ་མཚོན་ན་ན་གཞོན་འཚར་ལོངས་མགྱོགས་པོ་ཡོང་དགོས་ལ། ཉམས་མྱོང་ཕུན་སུམ་ཚོགས་པའི་གསར་འགོད་པ་རྒན་པ་དག་གི་བརྟན་སྲུང་དང་ཡང་ཁ་འབྲལ་ཐབས་མེད། ལས་སྟེགས་ལ་འགྱུར་ལྡོག་དང་བྱེད་ཐབས་ལ་འགྱུར་ལྡོག་བྱུང་བཞིན་ཡོད་ཀྱང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་དེ་ནི་ཐོག་མཐའ་བར་གསུམ་དུ་གསལ་བོ་ཡིན་པ་དང་། མང་ཚོགས་དང་ཉེ་བར་བཅར་ནས་དུས་རབས་ཟིན་ཐོར་འགོད་པའི་རེ་སྙེག་ལ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱི་ཞུས་ཆེན་གཞོན་པ་ལྷ་རྒྱལ་བཀྲ་ཤིས་ཀྱིས་བཤད་རྒྱུར།
ང་གསར་འགྱུར་གྱི་ལས་རྐང་འདིར་ཞུགས་ནས་ལོ25འགོར་ཟིན། མཚོ་སྔོན་བོད་སྐད་རླུང་འཕྲིན་དུ་བྱ་བ་སྒྲུབ་བཞིན་ཡོད། སྒྲ་སྡུད་འཕྲུལ་ཆས་ནས་ལག་ཁྱེར་ཁ་པར་བར་དང་། སྲོལ་རྒྱུན་གྱི་རྒྱང་སྒྲོག་བརྙན་འཕྲིན་ནས་དྲ་རྒྱའི་ལྟ་ཉན་བར། བརྒྱུད་སྒྲོག་བྱེད་ཐབས་ལ་འགྱུར་ལྡོག་བྱུང་བཞིན་ཡོད་མོད། འོན་ཀྱང་ཏང་གི་སྐད་སྒྲ་དང་ཕ་ཡུལ་གྱི་གཏམ་རྒྱུད་རོང་འབྲོག་མང་ཚོགས་ཀྱི་ཉེ་འགྲམ་དུ་སྐྱེལ་བའི་ཐོག་མའི་བསམ་འདུན་ལ་འགྱུར་བ་མེད། འཐབ་ལམ་གསར་པའི་ཐོག ངས་ན་གཞོན་ལས་གྲོགས་ཚོའི་འགོ་ཡག་པོ་འཁྲིད་པ་དང་། བོད་སྐད་རླུང་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་རྟེན་གཞི་ཡག་པོར་བསྲུངས་ནས། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བཤད་པ་དང་། བོད་འབྲེལ་རང་སྐྱོང་ཁུལ་དང་རྫོང་གི་གཏམ་རྒྱུད་ཡག་པོར་བཤད་རྒྱུ་ཡིན།
ཚེ་རིང་དངོས་གྲུབ་དང་བསོད་དོན་གྱིས་བསྒྱུར།