ཙེ་ལན་སི་ཅི་ཡིས་ཡོ་རོབ་ཀྱི་གྲོས་མོལ་ཚོགས་པས་ཐེངས་དང་པོར་འཐུས་མི་ཡོངས་ཀྱིས་ཝུའུ་ཁོ་ལན་དང་ཨ་རིར་གྲོས་མོལ་བྱས་པར་བསྟན།
ཁུངས། ཀློག་གྲངས།
ཝུའུ་ཁོ་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ཡིས་ཚེས16ཉིན་གྱི་དགོང་མོར་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བསྟན་དོན།  ཡོ་རོབ་གྲོས་མོལ་ཚོགས་པས་ཐེངས་དང་པོར་འཐུས་མི་ཡོངས་ཀྱིས་ཝུའུ་ཁོ་ལན་དང་ཨ་རིའི་གྲོས་མོལ་ཚོགས་པར་བྱ་བའི་ཐད་ནས་གྲོས་མོལ་བྱས་ཏེ། མ་འོངས་པར་ཨུ་རུ་སུ་དང་གྲོས་མོལ་བྱེད་པའི་འབྲེལ་ཡོད་བྱ་བར་གྲོས་བསྡུར་བྱས།

ཙེ་ལེན་སི་ཅི་ཡིས་བསྟན་དོན།  ཨ་རིའི་སྲིད་འཛིན་གྱི་ཆེད་བསྐོས་ཕོ་ཉ་ཝུའེ་ཐེ་ཁོ་ཧྥུའུ་དང་སྲིད་འཛིན་ཐི་ལང་ཕུའུ་ཡི་མག་པ་ཁུའུ་ཧྲི་ན་ཉིན་དེར་དྲ་ལམ་ནས་གྲོས་མོལ་ལ་ཞུགས་ཤིང་།  ཡོ་རོབ་ཕྱོགས་ཀྱིས་རྗེས་མར་ཨུ་རུ་སུའི་བར་གྱི་གྲོས་མོལ་ལ་ཞུགས་མཁན་གྱི་འཐུས་མི་ཡོད་ཚད་མངགས་གཏོང་བྱས་པ་དང་།  དེའི་ནང་ཧྥ་རན་སི་དང་། འཇར་མན། དབྱིན་ཇི། དབྱི་ཐ་ལི། ཕོ་ལན། དེ་མིན་ཡོ་རོབ་མནའ་འབྲེལ་ལས་ཁུངས་ཀྱི་འཐུས་མི་ཡོད་ལ།  ད་དུང་བྱང་ཆིངས་རྩ་འཛུགས་ཀྱི་འཐུས་མི་ཞིག་ཀྱང་གྲོས་མོལ་ཁྲོད་ཞུགས་ཡོད།

ཙེ་ལེན་སི་ཅི་ཡིས་བཤད་རྒྱུར།  ཝུའུ་ཁོ་ལན་གྱིས་དམག་འཁྲུག་མཇུག་སྒྲིལ་དགོས་ལ་བདེ་འཇགས་ཀྱི་འགན་ལེན་ཐོབ་དགོས།  ང་ཚོས་པེར་ལིན་དུ་དང་བླངས་མནའ་འབྲེལ་གྱི་ཁོངས་མིའི་ཐོབ་ཐང་གིས་ཐུག་འཕྲད་བྱས་ནས། མཉམ་དུ་གྲོས་མོལ་འཕེལ་རིམ་ཁྲོད་ཀྱི་བྱེ་བྲག་གི་མཉམ་འབྲེལ་བྱེད་ཐབས་གཏན་འབེབས་བྱ་རྒྱུ་ཡིན།

“དང་བླངས་མནའ་འབྲེལ”ནི་དབྱིན་ཧྥ་གཉིས་ཀྱིས་སྣེ་ཁྲིད་དེ་བཙུགས་པ་ཡིན་ཞིང་།  དེ་ནི་ཝུའུ་ཁོ་ལན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་རྒྱལ་ཁབ་ཀྱི་ཚོགས་པ་ཞིག་ཡིན་པ་དང་ཨ་རི་དེའི་ཁོངས་ཞུགས་མིན།

ཚེས12ཉིན།  ཙེ་ལེན་སི་ཅི་ཡིས་བཤད་རྒྱུར།  ཡོ་རོབ་ཀྱིས་འཐུས་མི་མངགས་ནས་སྐོར་ཐེངས་རྗེས་མའི་ཨུ་རུ་སུ་དང་། ཨ་རི། ཝུའུ་ཁོ་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་ལ་ཐད་ཀར་ཞུགས་རྒྱུ་ཡིན་པ་མ་ཟད་སྐད་ཆ་བཤད་དབང་ཡང་ཡོད་པར་བྱེད་རྒྱུ་རེད།   ཚེས13ཉིན།  ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ་ཡིས་ཡོ་རོབ་གྲོས་མོལ་ཚོགས་པ་དེ་ཡོ་རོབ་མནའ་འབྲེལ་ལས་ཁུངས་དང་དབྱིན་ཇི།  ཧྥ་རན་སི། འཇར་མན། དབྱི་ཐ་ལི། ཕོ་ལན་བཅས་རྒྱལ་ཁབ་ལྔའི་འཐུས་མི་ལས་གྲུབ་པ་ཁྱབ་བསྒྲགས་བྱས།  ཨུ་རུ་སུའི་སྲིད་འཛིན་གྱི་ལས་རོགས་ཝུའུ་ཧྲ་ཁོའོ་ཧྥུ་ཡིས་ཚེས16ཉིན་བསྟན་དོན།  ཨུ་རུ་སུ་དང་ཨ་རི། ཝུའུ་ཁོ་ལན་བཅས་ཕྱོགས་གསུམ་གྱིས་མུ་མཐུད་དུ་གྲོས་མོལ་བྱ་རྒྱུ་ཡིན་ཞིང་།  གྲོས་མོལ་གྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཡོ་རོབ་རྒྱལ་ཁབ་དེའི་ནང་ཞུགས་རྒྱུར་དང་ལེན་བྱེད་མིན་ཐད།  ཁོས་ཨུ་རུ་སི་ཕྱོགས་ཀྱིས་ཕྱོགས་གཞན་གང་ཞིག་དང་གྲོས་མོལ་བྱས་མྱོང་མེད་པར་བསྟན།

བསོད་དོན་གྱིས་བསྒྱུར།