
བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མི་ཞུའེ་ཁྲིན་ལུང་དང་། ཝང་རུའེ་ཅུས། བློ་བཟང་། མོའུ་ཡུས་ཚང་། ཝང་ཅིན་ཞན་བཅས་ཞིང་ཆེན་ཏང་ཨུའི་ལས་བྱེད་རྒན་པའི་ཅུས་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ་བཅས་སུ་བསྐྱོད་དེ་གཅིག་བསྡུས་སྒྲོག་བཤད་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་རྒྱུར་ཁྲིད་སྟོན་བྱས་ཤིང་། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀར་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་བསྒྱུར།
སྒྲོག་བཤད་ཁྲོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མིས་ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་ལ་དམ་པོར་དམིགས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་སྐོང་ཚོགས་བྱས་པའི་གཞི་རྩའི་གནས་ཚུལ་དང་དོན་སྙིང་གལ་ཆེན། 《ཆོད་དོན》གྱི་འཆར་ཟིན་དང་ཁྱད་ཆོས་གཙོ་བོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལས་ཐོབ་པའི་གྲུབ་འབྲས་གལ་ཆེན། ཕྱོགས་ཡོངས་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་ནན་སྐྱོང་བྱེད་པའི་སྤྱིའི་བླང་བྱ་དང་། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་སོགས་ཀྱི་ཐད་ནས་ལས་ཁུངས་སོ་སོའི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ཏེ། བརྒྱུད་རིམ་ལྡན་པའི་ངང་འཆད་འགྲེལ་དང་འགྲེལ་བཤད་གཏིང་ཟབ་བྱས། སྒྲོག་བཤད་བྱ་ཡུལ་དུ་ཚོགས་ཞུགས་མི་སྣས་ནན་ཏན་ངང་ཉན་པ་དང་གཟབ་ནན་གྱིས་ཟིན་ཐོ་འགོད་པའི་རྣམ་པས་ཁེངས་ཡོད།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལས་བྱེད་རྒན་པ་ཅུས་ཀྱི་ཆབ་སྲིད་ཐོབ་ཐང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཡིས་བཤད་རྒྱུར། ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་ལས་བྱེད་པའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་། ཏང་རྩ་འཛུགས་འཛུགས་སྐྱོང་། སྐོར་སྐྱོད་ཏང་ཡོན་དོ་དམ། ལས་འཁྱུར་ངལ་གསོའི་ལས་བྱེད་པར་སློབ་གསོ་དོ་དམ་ལྟ་སྐུལ་སོགས་ཀྱི་གཙོ་གནད་བྱ་བ་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་དུས་རབས་གསར་པའི་ལས་བྱེད་རྒན་པའི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས།
ཚང་མས་བསྟན་དོན། སྒྲོག་བཤད་སྙན་ཞུའི་ལངས་གནས་མཐོ་ཞིང་མིག་རྒྱང་རིང་ལ་སྒྲོག་བཤད་གསལ་དག་ཐོན་ཡོད་པས་གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་གྱི་ཟབ་ཚད་ཀྱང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཆ་ཚང་ཞིང་ཡང་དག་པར་ཁོང་དུ་ཆུད་པ་དང་། རང་འཁྲིའི་ལས་ཀར་སྐུལ་འདེད་ཏན་ཏིག་གཏོང་བར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་དགོས་ལ། ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ནས་ལས་ཀའི་བྱེད་ཐབས་ཞིབ་ཕྲ་ཅན་དང་ཏན་ཏིག་ཅན་དུ་གཏོང་བ་དང་། ལས་འགན་གཙོ་བོར་རྩེ་གཅིག་ཏུ་དམིགས་ནས་མུ་མཐུད་དུ་ཤུགས་རྒྱག་པ་དང་ཕན་འབྲས་ཐོན་པར་དམ་འཛིན་བྱ་དགོས། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀའི་གྲུབ་འབྲས་དངོས་ལ་བསྒྱུར་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས།
མཚོ་སྔོན་དགེ་ཐོན་སློབ་ཆེན་མར་ཁེ་སིའི་རིང་ལུགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དབྱང་ཏིན་ཞིན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་དང་ལག་ལེན་སློབ་ཁྲིད་ནང་མཉམ་འདྲེས་གང་ལེགས་བྱེད་དགོས་ལ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཞུང་ལུགས་དང་གཏན་ཚིགས་གཏིང་ཟབ་བཤད་དགོས། ན་གཞོན་སློབ་མར་ཁྲིད་སྟོན་བྱས་ཏེ“ཡིད་ཆེས་བཞི”རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་དང་། “གཏན་འཁེལ་གཉིས”ལ་རང་རྟོགས་ཀྱིས་གོང་བཀུར་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་དགོས།
མཚོ་ནུབ་ཁུལ་སྤྱི་བདེ་ཅུས་ཀྱི་རིམ་པ་བཞི་པའི་ཉེན་རྟོག་དཔོན་དབྱང་རུའེ་དབྱི་ཡིས་བཤད་རྒྱུར། ངས་རང་ཉིད་ཀྱི་ལས་གནས་སུ་གཞི་ཚུགས་པ་དང་ཏན་ཏན་ཏིག་ཏིག་ངང་ལས་ཀ་སྒྲུབ་པ། སེམས་ནུས་ཡོད་རྒུ་བཏོན་ནས་ལས་དོན་ཁག་ཡག་པོར་བསྒྲུབས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་མཐོ་སྒང་བདེ་འཇགས་སྲུང་བའི་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས།