
ཉེ་ཆར། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་སུ་ཡོད་པའི་ཅིན་ལིན་སྟོང་ཧྥུ330ཅན་གྱི་ཁྱིམ་ནང་རིག་ནུས་གློག་སྒྱུར་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས། འདི་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པའི་ལོར་ཟི་ལིང་གློག་དྲས་སྤྱོད་འགོ་ཚུགས་པའི་སྟོང་ཧྥུ330ཅན་གྱི་གློག་སྒྱུར་ས་ཚིགས་ཐོག་མ་དེ་རེད། ཆེད་དམིགས་ཀྱིས་ཀན་ཧི་བཟོ་ལས་གླིང་ཁུལ་ལ་ཞབས་འདེགས་ཞུ་བའི་ཆེད་གཏོགས་གློག་སྒྱུར་ས་ཚིགས་ཤིག་ཡིན་པའི་ངོས་ནས། གླིང་ཁུལ་གྱི་ཐོན་ལས་རིམ་སྤོར་ལ་ནུས་སྤྱོད་སྟེགས་བུ་བརྟན་པོ་ཞིག་བསྐྲུན་ཡོད།
རྒྱུན་སྲོལ་གྱི་ཕྱི་རོལ་གློག་སྒྱུར་ས་ཚིགས་དང་མི་འདྲ་བར། གློག་སྒྱུར་ས་ཚིགས་འདིས་སྟོང་ཧྥུ330ཅན་དང་སྟོང་ཧྥུ110ཅན་གྱི་རླངས་གཟུགས་ཀྱི་བཀག་སྡོམ་སྡེབ་སྒྲིག་གློག་ཆས(GIS)སོགས་ལྟེ་བའི་སྒྲིག་ཆས་ཁང་པའི་ནང་གཅིག་སྡུད་ཀྱིས་བཀོད་སྒྲིག་བྱས་ནས། མཚོ་སྔོན་གྱི་བྱེ་རླུང་ཆེ་བ་དང་དགུན་དུས་གྲང་ངར་ཆེ་བའི་དམིགས་བསལ་གནམ་གཤིས་ལ་བཀག་འགོག་ནུས་ལྡན་བྱེད་ཐུབ་པ་དང་སྒྲིག་ཆས་བེད་སྤྱོད་གཏོང་ཡུན་ཇེ་རིང་དུ་གཏོང་ཐུབ། གློག་སྒྱུར་ས་ཚིགས་ཀྱི་ཆ་ལག་འཐུས་ཚང་བའི་དྲ་ཐོག་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཀྱིས་དུས་ཐོག་ཏུ་འགག་རྩའི་འཁོར་སྐྱོད་གཞི་གྲངས་འཚོལ་བསྡུ་བྱས་ནས། སྒྲིག་ཆས་ཀྱི་རྣམ་པ་དེ“དུས་བཀག་ཞིབ་བཤེར”ནས“དུས་ཐོག་ཤེས་རྟོགས”སུ་བསྒྱུར་ཡོད།
རྒྱལ་ཁབ་གློག་དྲ་ཟི་ལིང་གློག་འདོན་ཀུང་སིའི་སྐྱེལ་འདྲེན་སྲུང་སྐྱོང་ཞིབ་བཤེར་བཟོ་བཅོས་པུའུ་ཡིས་འགན་ཁུར་བ་ཡེ་ཀྲི་ཉན་གྱིས་བཤད་རྒྱུར། ཅིན་ལིན་གློག་སྒྱུར་ས་ཚིགས་ཀྱིས་སྐུད་ལམ་བར་ཆོད་ཉར་གསོག་བྱས་ཡོད་པ་དང་། གླིང་ཁུལ་ཁེ་ལས་ཀྱིས་གཞུག་ཕྱོགས་ཤོང་ཚད་ཆེ་རུ་གཏོང་བའམ་ཡང་ན་གློག་སྤྱོད་པའི་དགོས་མཁོ་གསར་པ་འདོན་སྐབས། གློག་མཁོ་འདོན་གྱི་ཇུས་གཞི་སྔར་ལས་སྟབས་བསྟུན་ཆེ་བ་དང་གློག་ལེན་སོགས་ཀྱི་དུས་ཚོད་ཇེ་ཐུང་དུ་འགྲོ་བ་ཡིན། འཁོར་སྐྱོད་སྲུང་སྐྱོང་གི་ལས་ཆོད་དང་གློག་མཁོ་འདོན་གྱི་བློས་འགེལ་རང་བཞིན་དུས་གཅིག་ཏུ་ཆེ་རུ་ཕྱིན་ནས། ས་ཚིགས་ཀྱི་བཀོད་པ་དང་ཉེ་འཁོར་གྱི་ཐོན་ལས་བར་སྟོང་བཀོད་སྒྲིག་བྱེད་ཚད་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད།
དེ་སྔོན་ཀན་ཧི་ཡུག་ཁུལ་གྱི་ཉེ་འཁོར་དུ་ནན་ཧྲའོ་དང་ཏ་ཧྲི་མོན། ཁང་ཁྲེན་བཅས་སྟོང་ཧྥུ330ཅན་གྱི་གློག་སྒྱུར་ས་ཚིགས3བཀོད་སྒྲིག་བྱས་ཡོད་པ་དང་སྟོང་ཧྥུ330ཅན་གྱི་སྐུད་ལམ14བཀོད་སྒྲིག་བྱས་ཡོད། ཅིན་ལིན་གློག་སྒྱུར་ས་ཚིགས་འཁོར་སྐྱོད་བྱས་པ་དང་བསྟུན། ཀན་ཧི་ཐང་ཉེ་འཁོར་དུ་སྟོང་ཧྥུ330ཅན་གྱི་སྐུད་ལམ20བར་ཇེ་མང་དང་། སྟོང་ཧྥུ110ཅན་གྱི་སྐུད་ལམ68བར་ཇེ་མང་དུ་བཏང་ནས་གློག་དྲའི་མཁྲེགས་ཆས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད།
རྒྱལ་ཁབ་གློག་དྲ་ཟི་ལིང་གློག་འདོན་ཀུང་སིའི་གློག་སྒྱུར་སྐྱེལ་འདྲེན་ཞིབ་བཤེར་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་ཀྲི་ཀང་གིས་བཤད་རྒྱུར།ཅིན་ལིན་གློག་སྒྱུར་ས་ཚིགས་ཀྱི་འཁོར་སྐྱོད་ལ་ཁ་གསབ་བྱས་པ་ནི་གློག་དྲའི་དྲ་སྒྲོམ་ཙམ་མ་ཡིན་པར། སྲིད་གཞུང་དང་ཁེ་ལས་ཀྱི་མཉམ་འགུལ་ལམ་སྲོལ་དོན་ཐོག་ཏུ་འཁྱོལ་བའི་ལག་ལེན་ནུས་ལྡན་ཞིག་ཀྱང་རེད། གོ་རིམ་རྗེས་མར། ཀུང་སིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གློག་དྲའི་འཆར་འགོད་དོན་འཁྱོལ་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། རིམ་པ་སོ་སོའི་གློག་དྲའི་དྲ་སྒྲོམ་གྱི་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས། ཐོན་ལས“གནས་བཞི”བསྐྲུན་རྒྱུར་གློག་ཤུགས་ཀྱི་འགན་སྲུང་བརྟན་པོ་བྱེད་རྒྱུ་ཡིན།