“རྒྱུད་གཅིག་ལམ་གཅིག”གི་མཚམས་ཚིགས་གྲོང་ཁྱེར་གལ་ཆེན་དང་མཚོ་བོད་ཀན་ཞིན་བཅས་ཞིང་ཆེན་དང་(རང་སྐྱོང་ལྗོངས)བཞིའི་འགྲིམ་འགྲུལ་ལྟེ་གནས་ཡིན་པའི་ངོས་ནས། མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཕལ་བའི་གྲོང་ཁྱེར་གྱི་ངེས་གནས་གཞི་རྩར་བཟུང་ནས། སྐམ་སའི་གྲུ་ཁ་ཅན་གྱི་རྒྱལ་ཁབ་ཟོང་འགྲུལ་ལྟེ་གནས་འཛུགས་སྐྲུན་ཐད་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཛུགས་སྐྲུན་བྱེད་ཚད་རྒྱུན་མཐུད་ངང་ཇེ་མགྱོགས་སུ་ཕྱིན་ལ། ལྟེ་བའི་བྱེད་ནུས་རྒྱུན་མཐུད་ངང་མངོན་ཡོད།
དགུན་སྟོད་ཀྱི་དུས་སུ། གསར་འགོད་པ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ3.1ཡོད་པའི་གཞུང་ལམ་གྲུ་ཁར་སྐྱོད་པ་ན། ཟོང་འགྲུལ་བགྲོད་ལམ་ཕྱོགས་བཞིར་ཀུན་སྦྲེལ་བྱས་ཡོད་ལ། ཚད་ལྡན་ཅན་གྱི་གསོག་ཉར་མཛོད་ཁང་ཡུག་སྦྲེལ་བསྟར་སྒྲིག་བྱས་ཡོད་པ་དང་། ཁ་མདོག་མི་འདྲ་བའི་ཟོང་འཁོར་ཆེ་གྲས་མང་པོ་གོ་རིམ་ལྡན་པའི་བཞག་ཡོད་པ་དང་ཡང་ན་འགྲོ་འོང་ལ་བྲེལ།
མཚོ་སྔོན་ན་གོར་མོ་སྐམ་སའི་གྲུ་ཁ་གླིང་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལུའོ་རུང་ཧྭ་ཡིས་བཤད་རྒྱུར། ཁེ་ལས6བཅའ་སྡོད་བྱས་ཡོད་པ་དང་། ད་ལྟ་ཚོང་ཁྱིམ1100ལྷག་ཡོད་ལ། མི་ཁྲི1ལྷག་གི་ལས་ཞུགས་ཐད་སྐུལ་ཁྲིད་བྱས་པ་དང་། ཉིན་རེར་ཆ་སྙོམས་ཀྱིས་ཟོང་འགྲུལ་ཆ་འཕྲིན་ཁྲི་གཅིག་སྟོང་ལྔ་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་ཅིང་། ཉིན་རེར་ཆེས་མང་ན་རླངས་འཁོར་ཐེངས5000གཏོང་ཐུབ་ལ། ལོ་རེའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ས་ཡ་དྲུག་འབུམ་དགུ་ཙམ་ལ་སླེབས་ཡོད།
མིག་ལམ་གྱི་བྲེལ་མྱུར་ཆེ་བའི་རྣམ་པ་འདི་ནི་ན་གོར་མོ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཟུར་ཞིག་རེད། གླིང་ཁུལ་ཧྲིལ་པོའི་འཆར་འགོད་ཀྱི་སྤྱིའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ17ཙམ་ཟིན་པ་དང་། དེ་ལྷོ་འདབས་ཀྱི་ཕྱོགས་བསྡུས་ཟོག་འགྲུལ་གླིང་ལྟེ་བར་བྱས་པའི་གཞུང་ལམ་གྲུ་ཁ་དང་། ན་གོར་མོའི་ལྷོ་སྒྲིག་ས་ཚིགས་ལྟེ་བར་བྱས་པའི་ལྕགས་ལམ་གྲུ་ཁ། གནམ་གྲུ་ཐང་ལྟེ་བར་བྱས་པའི་མཁའ་འགྲུལ་གྲུ་ཁ་བཅས་ཁག་གསུམ་ལས་གྲུབ།
མཚོ་སྔོན་ན་གོར་མོ་སྐམ་སའི་གྲུ་ཁ་གླིང་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཏིན་ཧྲིན་ཀྲེན་གྱིས་བཤད་རྒྱུར།
《ན་གོར་མོའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཚོད་འཛིན་རང་བཞིན་གྱི་ཞིབ་སྲོལ》དང《ཐོན་ལས་འཆར་འགོད》བཟོ་འགོད་བྱས་པ་དང་།《ན་གོར་མོའི་རྒྱལ་སྤྱིའི་སྐམ་མཚོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དཔར་འགྲེམ་བྱས་པ་བརྒྱུད་དེ། རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཛུགས་སྐྲུན་གྱི་ཁ་ཕྱོགས་དང་གཙོ་གནད་ལས་འགན་གཏན་འཁེལ་གསལ་བོ་བྱས་པ་དང་། རྩེ་རིམ་ཇུས་འགོད་ལ་རྒྱུན་ཆད་མེད་པར་ཤུགས་བསྣན།
གཞུང་ལམ་གྲུ་ཁའི་རླངས་འཁོར་རྒྱུན་མི་ཆད་པའི་ཞོར་དུ། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་བཅུ་གྲངས་ཆུང་དགུ་ལྔ་ཟིན་པའི་ལྕགས་ལམ་གྲུ་ཁ་དང་སྤྱི་ལེ་གྲུ་བཞི་མ་གཉིས་གྲངས་ཆུང་དགུ་ལྔ་ཟིན་པའི་མཁའ་འགྲུལ་གྲུ་ཁ་ཡང་དེ་བཞིན་དུ་མགྱོགས་མྱུར་སྒོས་བསྐྲུན་བཞིན་ཡོད། ལྕགས་ལམ་གྲུ་ཁའི་ཕྱོགས་བསྡུས་ཟོང་འགྲུལ་ལྟེ་གནས་ལས་གཞིའི་དུས་རིམ་སྔོན་མའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། གཙོ་གནད་ཐོན་ལས་ལས་གཞི་བརྟན་བརླིང་ངང་དོན་འཁྱོལ་བྱས། མཁའ་འགྲུལ་གྲུ་ཁའི་མཁའ་ལམ་དྲ་བ་རྒྱུན་མཐུད་ངང་རྒྱ་བསྐྱེད་པ་དང་། ཟོང་འགྲུལ་ལས་སྒོ་བརྟན་བརླིང་ངང་འཕར་བཞིན་ཡོད།
མཚོ་སྔོན་ན་གོར་མོ་སྐམ་སའི་གྲུ་ཁ་གླིང་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལུའོ་རུང་ཧྭ་ཡིས་བཤད་རྒྱུར། མཁའ་འགྲུལ་གྲུ་ཁའི་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་གཉིས་གྲངས་ཆུང་དགུ་ལྔ་ཡོད་པ་དང་། ལོ་ཧྲིལ་བོའི་དུས་གཏན་གནམ་གྲུ་གཏོང་ཐེངས3600ལྷག་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་སུམ་འབུམ་དྲུག་ཁྲི་ཉིས་སྟོང་། དངོས་ཟོག་དང་སྦྲག་སྐུར་འདོན་འཇུག་བྱེད་ཚད་ཏུན་ཆིག་སྟོང་སུམ་བརྒྱ་སོ་ལྔ་གྲངས་ཆུང་བདུན་ལ་སླེབས།
མིག་སྔར། ན་གོར་མོའི་སྐམ་སའི་གྲུ་ཁ་གླིང་ཁུལ་ལ་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཉིས་བྱེ་བ་དགུ་བཏང་བ་དང་། ལོ་ཧྲིལ་བོའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ས་ཡ་བདུན་ལ་སླེབས་ལ། བོད་ལྗོངས་ཀྱི་དངོས་ཟོག་བརྒྱུད་སྐྱེལ་གྱི་ལས་འགན85%ཡན་འཁུར་ཡོད། གྲུ་ཁ་གསུམ་མཉམ་འབྲེལ་བྱས་ནས་ཚོང་ཟོག་སྐྱེལ་གཏོང་བྱེད་པ་དང་། ལྟེ་བའི་བྱེད་ནུས་མགྱོགས་མྱུར་ངང་འདོན་བཞིན་ཡོད།
མཚོ་སྔོན་ན་གོར་མོའི་སྐམ་སའི་གྲུ་ཁ་གླིང་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཏིན་ཧྲིན་ཀྲེན་གྱིས་བཤད་རྒྱུར། རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལག་བསྟར་གཏིང་ཟབ་བྱེད་པ་དང་ལྷོ་ཕྱོགས་དང་ནུབ་ཕྱོགས་སུ་སྒོ་མོ་འབྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། ཐོན་ལས་སྐྱེད་སྲིང་ཇེ་མགྱོགས་སུ་གཏོང་བ་དང་། ཟོག་འགྲུལ་ཐོན་ལས་ཀྱི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་གཏོང་དགོས། ལྟེ་བའི་བཟོ་སྐྲུན་འཛུགས་སྐྱོང་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཆ་འཕྲིན་ལས་སྟེགས་འཐུས་ཚང་དུ་བཏང་ནས། སྣ་མང་མཉམ་འདྲེན་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ས་ཁོངས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱི་ཕྱོགས་ཉོ་ཚོང་གི་བགྲོད་ལམ་གེགས་མེད་ཡོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྐམ་སའི་གྲུ་ཁའི་ལྟེ་བའི་འཛུགས་སྐྱོང་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབ་རྒྱུར་འབད་པས་སྐུལ་འདེད་གཏོང་དགོས།